རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

༼ཐེའུ་རང་གི་འཚོ་བ༽ང་ལ་དགྲ་བོ་མེད། ང་རང་ཉིད་ཀྱི་བསམ་པའི་རྗེས་སུ་འབྲངས་ཡོད།

“ངའི་དངོས་མིང་ལ་བཀྲ་ཤིས་རབ་བརྟན་ཟེར། པིར་མིང་ལ་ཐེའུ་རང་འབོད། ཕ་ཡུལ་མདོ་སྨད་ལྷོ་རྒྱུད་ཀྱི་མཛོད་དགེ་ཐང་སྐོར་ནས་ཡིན།

“ང་གཞུང་གི་མིག་ལམ་ནས་བུད་པའི་མི་ཞིག་ཡིན་ཞེས་བཤད་ཆོག དེ་བས། གཞུང་གི་བྱ་བ་ནི་ང་དང་ལས་འབྲེལ་ཡོད་ས་མ་རེད་ལ། ང་རང་ཉིད་ཀྱང་དེར་ཞུགས་འདོད་མེད། ང་རང་གཞུང་དང་ཚོགས་པ་གང་ཞིག་གི་སྒྲིག་གཞིའི་ནང་འཛུལ་འདོད་མེད། ང་རང་དབང་གི་འཚོ་

བ་ལ་ཧ་ཅང་དགའ་བོ་ཡོད།”
“ད་ལྟ། ངས་ཨ་མདོ་རྔ་བ་རུ་བོད་ཟས་སྣ་འཛོམས་ཀྱི་ཇ་ཁང་ཞིག་ཕྱེས་ཡོད། ཇ་ཁང་གི་མིང་ལ་སླའོ་ཟེར།བོད་ཟས་དང་རྒྱ་ཟས་སྣ་འཛོམས་ཀྱི་ཇ་
གསོལ་ཁང་ཞིག་ཡིན། ངས་བསམ་ན། མི་སྒེར་གྱི་འཚོ་བར་ཁག་ཐེག་ཡོད་པ་ཞིག་བྱ་རྒྱུ་ནི། མི་སྒེར་གྱི་ཕུགས་བསམ་དང་དད་མོས་ལ་འཐབ་ར་བཟོ་བ་དང་འདྲ་བོ་ཡོད། ལྷག་པར་ཏུ། ང་ལྟ་བུའི་གཞུང་གི་མིག་ལམ་ན་བུད་པའི་མི་ཞིག་ལ་མཚོན་ན། ཕྱི་ནང་གཉིས་ན་ལྟ་མཁན་དང་ཉན་མཁན་ཡོད་ཤག་རེད་པས། ནམ་ཞིག་ཕྱི་ནང་གཞུང་སྒེར་གང་རུང་གི་སྐད་ཆའི་ཁྲོད་ནས། ད་ཐེའུ་རང་ལ་ལྟོས་དང་། ཁ་ཡང་གསོ་ཐུབ་ཀྱི་མི་འདུག་ཟེར་བ་ཞིག་གོ་ན་མི་འདོད། ལྡོག་སྟེ།ངས་ཁ་ཕྱིར་འཁོར་ནས། ང་ལ་ངན་མྱིག་བཙག་མཁན་དག་ལ་གོ་བའི་བརྡ་རུ། ལྕགས་ཀྱི་ཅ་ནེ་མེད་རུང་། ལྟོགས་ནས་འཆི་མི་སྲིད་པ་གསལ་བཤད་བྱ་འདོད་ཡོད། ང་ཚོང་བར་ཆགས་འདོད་ཀྱི་བསམ་པ་མེད། འོན་ཀྱང་། ངའི་འཚོ་བ་སྐྱོ་བོ་ཆགས་ཀྱང་མི་འདོད། ང་ངའི་འཚོ་བར་སྒེར་ཚུགས་ཡོད་པའི་སྒོ་ནས་ངའི་ཕུགས་བསམ་གྱི་མཐའ་ལ་བསྐྱོད་འདོད་ཡོད།”

ཁྱོད་རང་ནི་བོད་ཀྱི་ཆབ་སྲིད་བཙོན་པ་གནང་མྱོང་མཁན་ཞིག་རེད། དེ་ན་འདིའི་སྐོར་ནས་རང་གི་བསམ་ཚུལ་དང་ལྟ་བ་དེ་ཚོ་ཞིག་གླེང་ན།
“ཆབ་སྲིད་བཙོན་མ་ཞེས་པའི་མིང་འདི་ཐེག་དཀའ་མོ་རེད། དོན་དངོས་ཐོག ངས་ཆབ་སྲིད་ཧ་གོ་ཡི་མི་འདུག ངས་རྩོམ་ཡིག་བྲིས་པས་བཙོན་ལ་ཐོགས་པ་རེད། ཡང་ན། ངས་སྐད་ཆ་བཤད་པས་ཉེས་པ་བཟོས་པ་རེད། བཙོན་ཐག་གཅོད་པའི་དུས་སུའང་། ངས་ཁྲིམས་དཔོན་གྱི་སྙན་སར་བོད་ཀྱི་རྩོམ་པ་པོའི་སྡེ་ལ་རྩོམ་འབྲི་རང་དབང་གི་ཁོར་ཡུག་གུ་ཡངས་མོ་ཞིག་དགོས་པའི་རེ་འདུན་ནམ་བསམ་ཚུལ་བཏོན་མྱོང་། ད་ལྟའང་དེ་ལས་མ་འདས། ཕྱི་ནང་གང་ལ་ཐུག་ནའང་། ང་ལ་ལག་ནང་གི་སྙུ་གུ་ཐང་ལ་གཡུགས་ཟེར་མཁན་ཞིག་ཡོད་ན་ངས་གཏན་ནས་དང་ལེན་བྱ་ཐུབ་ཀྱི་མ་རེད། གཞན་གང་ལའང་བཟོད་ཐུབ་པའི་དབང་དུ་བཏང་རུང་། དབྱངས་གསལ་སུམ་ཅུར་འབྲེལ་ཐག་གཅོད་དགོས་ཟེར་ན་བཟོད་དཀའ་འོ།།”

གོ་ཐོས་སུ་ཁྱོས་བཙོན་ནས་རྒྱ་ཡིག་སློབ་སྦྱོང་ཡག་པོ་བྱས་འདུག་ཟེར། ཁྱོད་རང་གི་བཙོན་མའི་འཚོ་བ་ཞིག་གླེང་ན།
“བཙོན་ནས་དེབ་མང་པོ་བཀླགས་ཐུབ་སོང་། དེབ་མང་ཤོས་རྒྱ་ཡིག་ཡིན། རྐྱེན་ངན་དགེ་བའི་གྲོགས་སུ་གྱུར་ཟེར་བ་དེ་འདྲ་ཡིན་ས་རེད། སྤྱིར་བཙོན་པ་ཚོར་དཔེ་ཀློག་བྱས་ནས་བསྡད་འདུག་ས་ཞིག་ཡོད་པ་མ་རེད། ཚང་མ་ལས་ཀར་ཞུགས་དགོས་པ་རེད། ལས་ཀ་ལས་ནས་སྐར་མ་མཐོན་པོ་ལོན་ན། བཙོན་ལོ་མར་ཕབ་ཐུབ་ཀྱི་རེད། འོན་ཀྱང་། ངས་བཙོན་ཁང་གི་མགོ་ཁྲིད་རིམ་པར་ཡང་དང་ཡང་དུ་ཡི་གེ་བྲིས་ཤིང་། གོ་སྐབས་གང་ཡོད་ལ་ངོ་གཏུག་བྱས་ཏེ། སྤྱིར་ང་ལ་ཉེས་པ་མེད་ཚུལ་དང་། ལས་ཀར་ཞུགས་མི་ཐུབ་ཚུལ །དཔེ་ཀློག་ལ་དགའ་མོས་ཆེ་ཚུལ་སོགས་བསམ་འཆར་དང་རེ་འདུན་གྲངས་མེད་ཞུས་པ་ཡིན། སྟབས་ལེགས་པ་ཞིག་ལ། ང་སྡོད་སའི་བཙོན་རའི་མགོ་ཁྲིད་དེ་མགོ་ཁྲིད་གཞན་དང་བསྡུར་ན། བོད་པ་ཚོར་ལྟ་སྟངས་མི་ཡག་རྒྱུ་མེད་ལ། མི་གནས་ལུགས་སྨྲ་མཁན་ཞིག་དང་གནས་ལུགས་ལ་ཉན་མཁན་ཞིག་ཀྱང་རེད། ཁོས་ང་ལ་དཔེ་ཀློག་གི་གོ་སྐབས་བྱིན་པ་རེད། ངས་ཁོ་ལ་བཀའ་དྲིན་ཞུས་མྱོང་། ད་རུང་ཡང་བཀའ་དྲིན་སེམས་ན་ཡོད།”

“ངས་བཙོན་ནས་གྲོགས་པོ་ཞིག་ལ་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། ང་ལ་དགྲ་བོ་མེད། ང་ངའི་བསམ་པའི་རྗེས་སུ་འབྲངས་ནས་ཡོད་ཅེས་ཟེར་མྱོང་། དངོས་གནས་དེ་ལྟར་འདོད་ཡོད། ང་རང་བཙོན་དུ་སྡོད་པ་དེ་ངའི་ཕུགས་བསམ་གྱི་གདམ་ག་ཞིག་ཡིན་པ་ལས། དབང་བསྒྱུར་བ་དང་ལྐོག་ཞུ་བ་སུ་ཞིག་ལ་འབྲེལ་བ་ཡོད་པ་ཞིག་མིན། དེ་བས། གདམ་ག་འདིའི་ངོས་ནས། ང་གཞན་ལ་འཁོན་སེམས་སྐྱེ་ཡི་མེད་ལ། རང་ངོས་ནས་འགྱོད་སེམས་ཀྱང་སྐྱེ་ཡི་མེད།”



ཁྱོད་ལ་བག་ཆགས་ཆེས་ཟབ་པའི་མི་སུ་རེད།
“ཨ་མ་ལགས་ཡིན། མོ་ནི་ཡི་གེ་འབྲུ་གཅིག་མི་ཤེས་པའི་མི་སེར་དཀྱུས་མ་ཞིག་ཡིན་ནའང་། མོས་ནམ་ཡང་ང་ལ་རང་དབང་དང་གུ་ཡངས་གནང་ཐུབ། མོ་ནི་རུས་པ་དང་སྤོབས་པ་སྲ་མཁྲེགས་ཅན་ཞིག་ཡིན། དཀའ་སྡུག་གི་དུས་སུ་ལྷག་ཏུ་སྲ་འཛིན་ཐུབ་མཁན་ཞིག་ཡིན། ངའི་ཕུགས་བསམ་གྱི་གདམ་ག་གང་དང་གང་ལའང་། མོས་ངན་ཁག་འདྲི་མ་མྱོང་ལ། ལེ་གདའ་དང་སྡིགས་དམོད་ཀྱང་བཏང་མ་མྱོང་། ལྡོག་སྟེ། ནམ་ཡང་ངའི་རྒྱབ་རྩར་ལངས་ལངས་ལ་ཡོད་པ་ཞིག་ཡིན། ངས་མོའི་ལུས་སྟེང་ནས་འཇིག་རྟེན་གྱི་ཨ་མ་ཞིག་ལ་ཡོད་འོས་པའི་བྱམས་བརྩེ་ལས་གཞན། དཀྱེལ་ཡངས་དང་བསམ་བློའི་ལྗིད་ཚད་ཅིག་མཐོང་ཐུབ། ངས་འདི་ནས་མོ་ལ་བཀའ་དྲིན་ཞུས་པ་ཡིན།”

གལ་སྲིད་ཁྱོད་ལ་མཐུན་རྐྱེན་ཆ་ཚང་འཛོམས་གྱུར་ན། ཁྱོས་ཆེས་བསྒྲུབ་ན་འདོད་པའི་དོན་དག་ཅི་ཞིག་རེད།
“བོད་ཡུལ་ལུང་པ་སོ་སོར་རྡོག་པ་བརྒྱབ་ནས། སྤུན་ཟླ་ཕོ་མོ་མང་པོ་ཞིག་གི་སེམས་ཀྱི་དགའ་སྡུག་དང་། རང་གི་ཆགས་སྡང་གི་རི་མོ་ཡོད་ཚད་ཡི་གེར་ཕབ་འདོད་ཡོད།”

ད་ལྟ་ཡང་ཁྱེད་རང་བློ་འགྱོད་ཆེ་བའི་དོན་གང་རེད།
“སློབ་སྦྱོང་ཡག་པོ་ཞིག་བྱ་མ་ཐུབ་པ་དེ་ཡིན། ཁྱད་པར་ཏུ་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཨིན་ཡིག་ལ་སློབ་སྦྱོང་ཡག་པོ་ཞིག་བྱ་མ་ཐུབ་པ་དེ་ཡིན།”

སློབ་ཆེན་འགྲིམས་ནས་ཁྱོད་རང་གི་ཐོབ་བྱ་རྡོག་རྡོག་འདྲ་བོ་དེ་ག་རེ་རེད་བསམ་གྱིན་ཡོད། དེ་དང་འབྲེལ་ནས་སློབ་ཆེན་སྐབས་ཀྱི་འཚོ་བ་ཕྱིར་དྲན་ཞིག་བྱས་ན།
“ང་སློབ་ཆེན་པ་ཞིག་ནས་བཙོན་པ་ཞིག་ཏུ་གྱུར་བ་དེ་ངས་ནུབ་བྱང་མི་རིགས་སློབ་ཆེན་ནས་རྙེད་པའི་ཐོབ་བྱ་རྡོག་རྡོག་པོ་རེད་བསམ་གྱིན་ཡོད། སློབ་ཆེན་གྱི་འཚོ་བ་ནི་རང་དབང་དང་གུ་ཡངས་ཤུགས་ཆེ་བ་ཞིག་རེད། ཡོད་ཚད་ལ་བསམ་གཞིག་གིས་འཇུག་པ་དང་། དོགས་པ་སློང་བ། ལྟ་ཚུལ་འདོན་པ་སོགས་གུ་ཡངས་པའི་སློབ་སྦྱོང་གི་མཁའ་དབུགས་དམིགས་བསལ་བ་ཞིག་རྙེད་པར་ཞེ་དྲག་དགའ་པོ་ཡོད།”

ཁྱོས་རང་གི་བརྩེ་དུང་གི་བརྒྱུད་རིམ་ལ་ཕྱིར་དྲན་ཞིག་བྱས་ན།
”ཧ་ཧ། བརྩེ་དུང་བཤད་ན་ཉོག་འགྲོ་རྒྱུ་རེད། སྣང་བ་མཐུན་ས་དང་སེམས་པ་ཆགས་ས་མང་པོར་འཕྲད་མྱོང་། དེ་དག་ཐམས་ཅད་གསར་བུའི་སྣང་བ་རྩེས་པ་རེད། དོན་དུ། རང་གི་ལུས་སེམས་གཉིས་ཀ་བློ་བདེ་བདེ་ཡིས་བཅོལ་ཆོག་ས་ཞིག་ལ་མ་འཕྲད་པའམ། འཕྲད་ཀྱང་རྐྱེན་གཞན་དུ་མའི་དབང་གིས་སོ་སོར་གྱེས་དགོས་པ་འབའ་ཞིག་ཆགས་སོང་། ང་ད་ལྟ་ད་རུང་ཡང་མི་རྐྱང་ཡིན། ང་རང་དབང་གི་འཚོ་བ་ལ་དགའ་བོ་ཡོད། ངས་ད་རུང་ཁྱིམ་ཚང་བཅས་ན་བསམ་ཀི་མེད། ང་སྐྱ་ཡ་འཚོལ་བར་བྲེལ་གྱི་མེད། འོན་ཀྱང་། ངའི་སྐྱ་ཡ་དེ་ལས་ཀ་ཁོ་ན་ལས་བྱེད་ཀྱི་འཕྲུལ་ཆས་ལྟ་བུ་དང་། ཡ་ཡ་ལགས་ལགས་ཞུ་མཁན་གྱི་བྲན་མོ་ལྟ་བུ། ཡང་གཤིས་ཀ་གྱོང་བོ་དང་རང་ཤེད་ཐུ་མོ་ཅན་དེ་འདྲ་ཞིག་ལ་བསམ་གྱིན་མེད། མོ་རང་གི་ཚུགས་ཐུབ་ཀྱི་གཤིས་ཀ་དང་བསམ་བློ། ཕུགས་བསམ་ཡོད་པ་གཞིེར་བཞག་གིས་རྣམ་པ་ཀུན་ཏུ་ངའི་ཕུགས་བསམ་ལ་བརྩི་འཇོག་དང་རང་དབང་གནང་མཁན་ཞིག་ཡིན་ན་བསམ་ཡོད།”

ཁྱོས་གོང་དུ་རང་གི་མ་འོངས་པའི་གཏན་གྲོགས་ལ་བཏོན་པའི་རེ་བ་ཅུང་མཐོན་པོ་འདུག ཁྱོད་རང་ལ་རེ་བ་དེ་འགྲུབ་པའི་གདེང་ཚོད་ག་ཙམ་ཡོད།
“ཧ་ཧ། མི་མང་པོ་ཞིག་གིས་ང་ལ་དངོས་ཡོད་འཚོ་བའི་ཁྲོད་ནས་མི་དེ་འདྲ་བ་ཞིག་ལ་འཕྲད་ཁག་པོ་རེད་ཟེར། དངོས་གནས་དེ་འདྲ་ཞིག་ཡིན་ཀྱང་སྲིད་མོད། ད་ལྟའི་ང་ཚོའི་ཁོར་ཡུག་ན་དེ་འདྲ་བའི་བུད་མེད་མེད་པ་མ་རེད། ལས་སམ་ལམ། སྟབས་དང་སྟེས་གང་རུང་འགྲིག་ན། ག་ཞིག་ནས་མི་དེ་འདྲ་བ་ཞིག་ལ་འཕྲད་ཡོང་ཤག་རེད་བསམས་ཀི་ཡོད།”

ཁྱོད་རང་གིས་ཆེས་བརྗེད་ཐབས་མེད་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཕྱིར་དྲན་བྱས་ན།
“དེ་བཤད་ན་སྒྲུང་ཞིག་ཡིན། ནང་དོན་དང་ས་གནས། མི་སྣ་སོགས་ག་དུས་ཡིན་ཡང་མཉམ་དུ་ཡོད་པའི་སྒྲུང་ཞིག་ཡིན། ངེད་གཉིས་ཀས་སོ་སོར་གཅེས་མིང་རེ་བཏགས་ཡོད། ད་ལྟ་ཡང་གཅེས་མིང་དེས་འབོད་ཀྱིན་ཡོད། མོ་ནི་བདག་པོ་རང་གི་ཕུགས་བསམ་དང་བསམ་བློ་ལྡན་པའི་བུད་མེད་ཅིག་ཡིན། ད་རུང་ཁེར་ཚུགས་ཀྱི་རང་གཤིས་དང་ལྟ་ཚུལ་ཡོད་ས་ཞིག་ཡིན། ངས་སྙན་ངག་མང་པོ་ཞིག་ཏུ་མོ་བྲིས་ཡོད། མོ་ནི་ངའི་བག་ཆགས་དང་འབྲེལ་བ་ཡོད་པའི་མི་ཞིག་ཡིན། བག་ཆགས་ནི་ག་དུས་ཡིན་ཡང་་བརྗེད་དཀའ་བ་ཞིག་རེད་པས།”

ཁྱོད་ཀྱི་བརྩམས་ཆོས་༼ཁྲག་ཡིག༽ཅེས་པ་དེ་བོད་དུ་དོ་སྣང་བྱེད་སའི་དེབ་ཅིག་ཆགས་འདུག ཁྱོད་ཀྱིས་རང་གི་དེབ་ལ་གདེང་འཇོག་ག་འདྲ་བྱེད་ཀྱིན་ཡོད།
“རེད། དེབ་དེ་ནི་ངའི་སྒེར་དེབ་ཐོག་མ་རེད། དེར་དོ་སྣང་དང་གདེང་འཇོག་ཡག་པོ་ཐོབ་འདུག དེ་ནི་དུས་བབ་དང་བརྗོད་དོན་ལ་འབྲེལ་བ་ཏན་ཏན་ཡོད་པ་ཞིག་རེད། ངའི་བསམ་པར། རྩོམ་པ་པོ་ཞིག་ཡིན་ན། ནམ་ཞར་ཡང་། རང་ཉིད་འཚོ་གཞིས་གནང་སའི་དུས་རབས་ཀྱི་མདུན་དུ་འགྲེང་ནས་སྐད་ཆ་ཤོད་མཁན་ཞིག་ཡིན་དགོས། ང་རང་རྩོམ་པ་པོ་ཞེས་པའི་ཆོ་ལོ་དང་བར་ཐག་རིང་པོ་ཡོད་ནའང་། རྩོམ་ལ་དགའ་འདུན་ཟབ་མཁན་ཞིག་དང་། རྩོམ་གྱི་སྦྱོར་བ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས། ནམ་ཞར་ཡང་། རང་ཉིད་གནས་པའི་དུས་རབས་ཀྱི་མདུན་དུ་འགྲེང་ནས་སྐད་ཆ་བཤད་དགོས་བསམ་ཡོད། ༼ཁྲག་ཡིག༽ཀྱང་སེམས་འདུན་དང་གནས་བབ་དེ་འདྲ་བའི་འོག་བྲིས་པ་ཡིན། ང་རང་ཉིད་དེབ་དེ་ལ་ཐོག་མ་ནས་མགུ་མེད། དེར་མ་ཤོད་པ་དང་། བཤད་ཉེས་པ། ཡི་གེ་བྲིས་ནོར་དང་གཏག་ནོར། ཚིག་སྐྱོན། པར་ངོས་སོགས་ཕྱོགས་གང་གི་ཆ་ནས་སྐྱོན་མང་པོ་མང་པོ་ཡོད། ཡིན་ནའང་། སྐབས་ཐོག་དེར། ཚ་འུར་གྱི་དུས་ཚོད་ནང་དུ་བོད་ཀྱི་སྙུག་ཐོགས་པ་མང་པོ་ཞིག་སྨྲ་བ་བསྡམས་ནས་སྡོད་ཚུགས་པའི་རྣམ་པ་དང་བཟོ་ལྟ་མཐོང་ནས་བློ་ཕམ་ཆེན་པོ་བྱུང་བ་དང་། བོད་མདོ་དབུས་ཁམས་གསུམ་དུ་ཁྲག་གི་དོན་རྐྱེན་བྱུང་ནས་སེམས་སྐྱོ་བོ་བྱུང་བ་སོགས་ཀྱི་དབང་གིས་སྡོད་མ་ཚུགས་པར། སྐྱིད་སྡུག་མཉམ་མྱོང་ངམ། བདེན་པ་གསལ་བསྒྲགས་ཀྱི་དོན་དུ་རྩོམ་ཆག་དེ་དག་བྲིས་ཤིང་དེབ་ལ་བཟོས་པ་ཡིན། དེར་རྩོམ་རིག་གི་ཆ་ནས་རིན་ཐང་ཡོད་ས་མ་རེད། ཡིན་ནའང་། གནས་བབ་དེ་འདྲ་བ་ཞིག་གི་འོག་བོད་ཀྱི་སློབ་ཆེན་པའམ་བོད་མི་སྙུག་ཐོགས་པ་ཞིག་གི་སྐད་སྒྲ་ཡིན་པའི་ཆ་ནས། ང་རང་ངོས་ནས་ཀྱང་དེབ་དེ་དོན་མེད་ཀྱི་གཏམ་དང་མདོ་མེད་ཀྱི་ལས་ཤིག་རེད་བསམ་ཀྱིན་མེད། རིན་ཐང་ཏོག་ཙམ་ཡོད་པར་འདོད་ཡོད།”

ཁྱོད་རང་གི་འཚོ་བའི་ཁྲོད་དུ་སྙན་ངག་གིས་ཅི་ཞིག་མཚོན་གྱིན་འདུག མ་འོངས་པར་དེབ་རྩོམ་པའི་བསམ་བློ་ཨེ་ཡོད།
“མུ་མཐུད་དུ་བྲི་རྒྱུ་ཡིན། སྔོན་ཆད་རྩོམ་ལུས་སྣ་ཚོགས་པ་འབྲི་ཁུལ་བྱས་པ་ཡིན། ད་ལྟ་སྙན་ངག་གཅིག་པུར་འཇུ་རྩིས་ཡིན། བཙོན་ནས་སྡོད་པའི་དཀའ་སྡུག་གི་དུས་ཚོད་དེ་དག་ལ་སྙན་ངག་ཁོ་ནས་ང་སྲུང་སྲུང་ལ་བསྡད་པ་རེད། གུ་དོག་པའི་ཁོར་ཡུག་དེ་འདྲ་བ་ཞིག་ནས་སྙན་ངག་ཁོ་ནས་ང་ལ་མུ་མེད་ཀྱི་ཕུགས་བསམ་དང་སྤོབས་པ་གནང་བྱུང་། དེས་ང་ལ་སྐྱོ་རོགས་དང་སྡུག་རོགས་བྱས་པ་རེད། སྔོན་ཆད་ང་སྙན་ངག་ལ་དགའ་བ་ཙམ་ཡིན། ད་ལྟ་སྙན་ངག་དད་མོས་སུ་གྱུར་ཡོད། དད་མོས་སུ་གྱུར་བའི་སྙན་ངག་འདི་ནམ་ཡང་བསྐྱུར་རྩིས་མིན། ཕྱི་ནས་བལྟས་ན། ད་ལྟ་ང་རང་ཚོང་ལ་ཕྱོགས་ཀྱིན་པའི་བཟོ་འདྲ་ཐོན་ཡོད་ནའང་། དེ་ངའི་འཚོ་བའི་དགོས་མཁོ་ཙམ་ལས། མི་ཚེའི་དད་མོས་དང་ཕུགས་བསམ། དགའ་ཕྱོགས་སོགས་མ་ཡིན། ངས་ཇ་ཁང་ཕྱེས་པས། སྙན་ངག་གི་ཐད་ནས་མཉམ་དུ་སྐད་ཆ་བཤད་མྱོང་མཁན་གྱི་གྲོགས་པོ་རེའང་ང་དང་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་འདྲ་ཞིང་། ང་ལ་རེ་ཐག་ཆད་ཀྱིན་པ་འདྲ། དེ་ནི་ཁོ་པ་དག་ང་ལ་རེ་བ་ཆེ་བས་རེད། ཡིན་ནའང་། མི་ཞིག་གི་ཕུགས་བསམ་དང་དད་མོས་ཟེར་བ་འདི། ལས་སམ་བྱ་བ་གཞན་གང་ལའང་མི་འཇུག་པར་དེ་ཁོ་ན་ཉིད་ལ་འཇུག་པ་ཞིག་མ་ཡིན་པར། ལས་སམ་བྱ་བ་གང་དང་གང་ལ་ཞུགས་ནའང་། རང་གི་ཕུགས་བསམ་དང་དད་མོས་མི་འདོར་བ་ཞིག ལས་སམ་བྱ་བ་གང་གིས་ཀྱང་དད་མོས་དང་ཕུགས་བསམ་བསྒྱུར་མི་དོ་བ་ཞིག་ཡིན་དགོས་འདོད། ངས་ཇ་ཁང་ཞིག་ཕྱེས་པ་ནས། སྙན་ངག་འབྲི་རྒྱུ་བསྐྱུར་བ་ཡིན་ན། ང་ལ་རེ་བ་འཛིན་མཁན་གྱི་གྲོགས་པོ་དང་ཀློག་པ་པོ་ཡོངས་རེ་ཐག་ཆད་སྲིད་ལ། ང་རང་ཉིད་དེ་བས་ཀྱང་ང་ལ་རེ་ཐག་ཆད་ངེས་ཡིན། འོན་ཀྱང་། མི་སྒེར་གྱི་སྐྱོ་གར་དེ་འདྲ་ནམ་ཞར་འབྱུང་གི་མ་རེད།ང་རང་ཉིད་ལ་ཡིད་ཆེས་ཡོད། ང་སྙན་ངག་ལ་ཡིད་ཆེས་ཡོད། ང་རང་ཉིད་ཀྱི་སྙན་ངག་གི་དད་མོས་ལ་ཡིད་ཆེས་ཡོད། མ་འོངས་པ་ན། ངས་ང་ཡི་སྐད་ཆ་དང་བརྩེ་དུང་ཡོད་ཚད་ཡི་གེར་ཕབ། ཡི་གེ་དག་དཔེ་ཆར་བཟོ་ཤག་ཡིན།”
ཆུ་བ་ འཕྲིན་བཟང་གི་ངོ་དེབ་ནང་ནས་བཤུས།།