རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ནང་ཆོས།


མཎི་ཡིག་དྲུག་འགྲེལ་བཤད།

༄༅། །ཨོཾ་མཎི་པདྨེ་ཧཱུྃ་ཞེས་པའི་གཟུངས་སྔགས་འདི་བགྲང་ན་ཡག་པོ་ཡོད་ཅིང༌། དེ་བགྲང་སྐབས་དེའི་དོན་ལ་བསམ་བློ་ངེས་པར་དུ་གཏོང་དགོས། གང་ཡིན་ཟེར་ན། ཡིག་འབྲུ་དྲུག་པོའི་དོན་དེ་ཟབ་པོ་དང་རྒྱ་ཆེན་པོ་ཡོད། དང་པོ་ཨོཾ་ཞེས་པར་ཡི་གེ་ཨ་དང༌། ཨུ། མ་བཅས་གསུམ་བསྡུས་ཡོད། འདི་རྣམས་ཀྱིས་ཉམས་ལེན་པའི་མ་དག་པའི་ལུས་ངག་ཡིད་གསུམ་དང༌། དེ་བཞིན་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་མཚོན་གྱི་ཡོད།


མ་དག་པའི་ལུས་ངག་ཡིད་གསུམ་དག་པའི་ལུས་ངག་ཡིད་གསུམ་གྱི་ངོ་བོར་བསྒྱུར་ཐུབ་བམ། ཡང་ན་འདི་གཉིས་རྩ་བ་ནས་ཐ་དད་པ་ཡིན་ནམ་ཞེ་ན། སངས་རྒྱས་ཐམས་ཅད་སྔོན་སྐབས་ཤིག་ན་ང་ཚོ་ལྟ་བུ་ཡིན་པ་དང༌། དེ་ནས་ལམ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ཞིག་ཡིན་པ་ལས། ནང་པའི་ཆོས་ནང་ཐོག་མ་ཉིད་ནས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་བཞེད་ཀྱི་མེད། དག་པའི་ལུས་ངག་ཡིད་གསུམ་ནི། མ་དག་པའི་ངོ་བོ་རྣམས་རིམ་པས་དོར་ནས་དག་པའི་ངོ་བོར་གྱུར་བ་ལས་འབྱུང་བ་ཡིན། འདི་ཇི་ལྟར་སྒྲུབ་དགོས་ཤེ་ན། དེ་ཉིད་སྒྲུབ་པར་བྱེད་པའི་ལམ་ནི་ཡིག་འབྲུ་ཕྱི་མ་བཞིས་མཚོན་གྱི་ཡོད། མ་ནིཞེས་པ་ནོར་བུའི་དོན་ཡིན་ལ། འདིས་ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་དང༌། བྱམས་པ་བཅས་མཚོན་གྱི་ཡོད། ནོར་བུར་དབུལ་ཕོངས་སེལ་བའི་ནུས་པ་ཡོད་པ་བཞིན་དུ། བྱང་ཆུབ་ཀྱི་སེམས་ལའང་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ནུས་པ་ཡོད། དེ་བཞིན་ནོར་བུས་སེམས་ཅན་གྱི་རེ་བ་སྐོང་བ་བཞིན་དུ། བྱང་ཆུབ་སེམས་ཀྱིས་ཀྱང་སེམས་ཅན་གྱི་རེ་བ་སྐོང་གི་ཡོད།


པདྨ་ཞེས་པའི་ཡིག་འབྲུ་གཉིས་པོ་མེ་ཏོག་པདྨའི་དོན་ཡིན་ལ། དེས་ཤེས་རབ་མཚོན་གྱི་ཡོད། པདྨ་དེ་འདམ་ལས་སྐྱེས་ན་ཡང་འདམ་གྱི་སྐྱོན་གྱིས་མ་གོས་པ་བཞིན་དུ། ཤེས་རབ་ལའང་རང་ཉིད་འགལ་འདུ་མི་ཡོང་བའི་སར་འཇོག་པའི་ནུས་པ་ཡོད་ལ། གལ་ཏེ་ཤེས་རབ་མེད་ན་འགལ་འདུ་ཡོང་གི་ཡོད། ཤེས་རབ་ལ་མི་རྟག་པ་རྟོགས་པའི་ཤེས་རབ་དང༌། གང་ཟག་རང་རྐྱ་བའམ་རྫས་ཡོད་ཀྱིས་སྟོང་པ་རྟོགས་པའི་ཤེས་རབ། ཡུལ་ཡུལ་ཅན་ངོ་བོ་ཐ་དད་པས་སྟོང་པ་གཉིས་རྟོགས་པའི་ཤེས་རབ། རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པ་རྟོགས་པའི་ཤེས་རབ་བཅས་ཤེས་རབ་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་རུང༌། གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན།


ཡིག་འབྲུ་ཐ་མ་ཧཱུྃ་གིས་ངོ་བོ་དབྱེར་མེད་བསྟན་པ་དང༌། དེས་རང་རྒྱུད་ཀྱི་སྐྱོན་དག་པ་དེ་ངེས་པར་དུ་ཐབས་ཤེས་དབྱེར་མེད་ལ་བརྟེན་ནས་ཐོབ་དགོས་པ་མཚོན་གྱི་ཡོད། མདོ་ཕྱོགས་ལྟར་ན། འདི་ལྟ་བུའི་ཐབས་ཤེས་དབྱེར་མེད་ནི་ཐབས་ཀྱི་ཟིན་པའི་ཤེས་རབ་དང༌། ཤེས་རབ་ཀྱི་ཟིན་པའི་ཐབས་ལ་གོ་བ་དང༌། སྔགས་སམ་རྒྱུད་ཀྱི་ཐེག་པ་ལྟར་ན། དེ་ཉིད་ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་ཆ་ཡོངས་སུ་རྫོགས་པའི་རྣམ་པ་ཤེས་པར་གཅིག་ལ་གོ །རྒྱལ་བ་རིགས་ལྔའི་ས་བོན་གྱི་ཡིག་འབྲུ་ལྟར་ན། ཧཱུྃ་ཞེས་པ་ནི་གང་གིས་ཀྱང་རྒྱུད་དཀྲུགས་མི་ནུས་ཤིང༌། མི་གཡོ་བའི་རྒྱལ་བ་མི་བསྐྱོད་པའི་ས་བོན་གྱི་ཡིག་འབྲུ་ཡིན།


དེས་ན་ཨྃམཎིཔདྨེཧཱུྃ་ཞེས་པའི་ཡིག་འབྲུ་དྲུག་པོས་ཐབས་ཤེས་དབྱེར་མེད་ཀྱི་ཟུང་འབྲེལ་གྱི་ལམ་གྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བསྒྱུར་ཐུབ་པ་བསྟན་གྱི་ཡོད། སངས་རྒྱས་ཀྱི་གོ་འཕང་དེ་རང་གིས་ཕྱི་ནས་བཙལ་མི་དགོས་པར། དེ་ཐོབ་པའི་རྒྱུའམ། ནུས་པ་ནི་རང་གི་རྒྱུད་ལ་ཡོད་པར་གསུངས། རྗེ་བཙུན་བྱམས་མགོན་གྱིས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་ནང་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་སངས་རྒྱས་ཀྱི་རིགས་ཡོད་པར་གསུངས་ཡོད་པས་སངས་རྒྱས་ཀྱི་ངོ་བོ་ཡོངས་སུ་རྫོགས་པ་འགྲུབ་རྒྱུའི་དག་པའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ང་རང་ཚོ་སོ་སོའི་རྒྱུད་ལ་ཡོད།། །།
ནེའུ་ཇར་སི་ནང་དུ་ཡོད་པའི་ཁལ་མུག་གི་སོག་པོའི་ནང་པའི་ཆོས་ཚོགས་ལ་སྩལ་བའི་བཀའ་སློབ་ནས་བཏུས



ལྷ་དང་ཡི་དམ།

༄༅། །བོད་སྐོར་འགྲེམས་སྟོན་འདི་འདྲ་བྱས་པ་ནི་མི་མང་རྣམས་ལ་རིག་གཞུང་ངོ་སྤྲོད་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ང་ཚོ་བོད་མི་ཚོར་ཁྱད་དུ་འཕགས་པའི་རིག་གཞུང་ཞིག་ཡོད། དངོས་པོའི་ཆ་ནས་ང་ཚོ་སྐྱོ་བོ་ཡིན་ནའང༌། ཆོས་དང༌། རིག་གཞུང་གི་ཐོག་ནས་ཕྱུག་པོ་ཡོད་པས་ང་ཚོར་འཛམ་གླིང་ལ་ཞབས་འདེགས་ཞུ་ཐུབ་པའི་ཆ་རྐྱེན་མང་པོ་ཚང་ཡོད། དཔེར་ན། ང་རང་གི་ཉམས་མྱོང་ཐོག་ནས་ཤེས་པ་ཞིག་ལ་བོད་སྨན་འདི་དམིགས་བསལ་གྱིས་རིན་ཐང་ཅན་ཞིག་ཡིན་པ་དང༌། ལྷག་པར་ནད་རྙིང་པ་དང་གཅོད་གི་རིགས་མང་པོ་ཞིག་ལ་ཕན་པོ་འདུག །དོན་དངོས་སུ་བོད་སྨན་ཕན་ཐོཌ་ཆེན་པོ་ཡོད་པའི་རྐྱེན་གྱི་རྒྱ་དམར་ནས་ཀྱང་བོད་ཀྱི་རིག་གཞུང་གཞན་དག་ཆེད་དུ་གཉེར་ནས་གཏོར་བཤིག་བཏང་ཡོད་ཀྱང༌། བོད་སྨན་འདི་རང་སོར་བཞག་པར་མ་ཟད་སྲུང་སྐྱོབ་ཀྱིས་ཡར་རྒྱས་ཀྱང་བཏང་འདུག

རིག་གཞུང་དང་འབྲེལ་བའི་དངོས་ཆས་དེ་ཚོས་རིག་གཞུང་དེ་དང་དེའི་ཆ་ཤས་ཙམ་མཚོན་པར་བྱེད། འོན་ཀྱང་རིག་གཞུང་གི་ཆ་ཤེས་གཙོ་བོ་ནི་རི་མོ་ལ་སོགས་པའི་ཐོག་ལ་མེད་པར་སེམས་ནང་ཡོད། གལ་སྲིད་རིག་གཞུང་འདི་ཉིན་རེའི་འཚོ་བའི་ནང་གསོན་པོར་གནས་ཡོད་ན་འདིའི་བེད་སྤྱོད་ཆེ་ལོས་ཤེས་ཐུབ། དཔེར་ན། བོད་ཀྱི་རིག་གཞུང་གི་རྐྱེན་པས་བོད་མི་ཚོ་དུས་སྐབས་ཕལ་ཆེ་བར་སྣང་བ་སྐྱིད་པོ་ ཡོད། ངོ་ཚོའི་ངོས་ནས་འདི་ལ་དོ་སྣང་བྱུང་མེད་ཀྱང༌། ནུབ་ཕྱོགས་པ་རྒྱ་གར་ལ་ལྟ་སྐོར་ཡོང་མཁན་ཚོས་ང་ཚོ་སྣང་བ་སྐྱིད་པོ་ཡོད་པ་འདི་ལ་དོ་སྣང་བྱུང་ནས་ང་ཚོའི་གསང་བ་དེ་གང་རེད་དམ་ཞེས་དྲི་གི་འདུག རིམ་པས་ངའི་བསམ་པ་ལ་དེ་ནི་ཐབས་ཚུལ་དུ་མའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་སྙིང་རྗེའི་སྐོར་ནན་ཏན་གསུངས་པའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་རིག་གཞུང་ འདིའི་རྐྱེན་གྱིས་རེད་སྙམ་པ་དྲན་བྱུང༌། ཡི་གེ་འབྲི་ཀློག་ཤེས་རུང་མ་ཤེས་རུང༌། སེམས་ཅན་ཐམས་ཅད་རང་གི་ཕ་མ་ཡིན་པ་ང་ཚོའི་རྣ་བས་ཐོས་ཤིང༌། ཁ་ནས་ཀྱང་ཤོད་རྒྱུར་གོམས་བསྡད་ཡོད། མི་གཏུམ་མདོག་ཁ་པོ་ཞིག་ཡིན་ནངའ་ཁོའི་ཁ་ནས་མ་སེམས་ཅན་ཐམས་ཅད་ཅེས་ཐོན་གྱི་ཡོད། བསམ་བློ་འདི་ནི་ང་ཚོ་སྐྱིད་པོ་ཡོད་བའི་རྒྱུ་ཡིན་པ་ཚོར་གྱི་འདུག དེས་ཉིན་རེའི་འཚོ་བའི་ནང་དཀའ་ངལ་ཛ་དྲག་འཕྲད་དུས་ལྷག་པར་ཕན་ཐོགས་ཡོད།

འོན་ཀྱང་ང་ཚོ་བོད་པ་ཚོས་སྙིང་རྗེའི་སྐོར་མང་པོ་ཤོད་བཞིན་དུ་ང་ཚོའི་ཡི་དམ་གྱི་ལྷ་ཁ་ཤས་ཧ་ཅང་དྲག་པོ་ཡོད་པ་འདི་ལ་ཁྱེད་རང་ཚོས་གང་འདྲ་ཡིན་ནམ་སྙམ་སྲིད། དེའི་སྐོར་ངས་གསལ་བཤད་ཞུ་གི་ཡིན།

སྤྱིར་ནང་པའི་ཆོས་ནང་ལྷའང་ཡི་དམ་ལ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རིགས་གཉིས་སུ་ཕྱེ་ཡོད། འཇིག་རྟེན་པ་ལ་དམྱལ་བ། ཡི་དྭགས། དུད་འགྲོ། ལྷ་མ་ཡིན། ལྷ་བཅས་འགྲོ་བ་རིགས་དྲུག་གི་ནང་ལ་འདུས་པའི་ལྷ་དང་ལྷ་མ་ཡིན་གྱི་རིགས་མང་པོ་ཡོད་པ་བཤད་ཡོད། འདོད་ཁམས་སུ་འདོད་ལྷ་རིགས་དྲུག གཟུགས་ཁམས་སུ་བསམ་གཏན་བཞི་དང་མཐུན་པའི་གཟུགས་བཅུ་བདུན་དུ་ཕྱེ་ཡོད། གཟུགས་མེད་ཁམས་ན་བཞི་ཡོད། དེནས་ཡི་དྭགས་དང་ལྷ་མ་ཡིན་དང་དུད་འགྲོར་གཏོགས་པའི་འདྲེའི་རིགས་ཡོད་ལ། གདོན་རིགས་མི་འདྲ་བ་མང་པོ་ཡོད་ཀྱང་དེ་ཚོའི་སྐོར་ངས་འདིར་རྒྱས་བཤད་བྱེད་ཀྱི་མིན།

ལྷ་ཡི་ཚོགས་མང་པོ་ཞིག་ཡོད་སྟབས་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ཡི་དམ་གྱི་དབྱེ་བ་འབྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེ་མིན་འཇིག་རྟེན་པའི་ཡུལ་ལྷ་ཞིག་འཇིག་རྟེན་ལས་འདས་པའི་སྔགས་བླ་མེད་ཀྱི་ལྷ་དང་ནོར་ཉེན་ཡོད། མིའི་ཁོག་པའི་ནང་ཞུགས་ནས་མི་དེ་རྟེན་དུ་བེད་སྤྱོད་བྱེད་མཁན་གྱི་འཇིག་རྟེན་པའི་ལྷ་ཡོད་ནའང༌། དེ་རྣམས་ཀྱང་ང་ཚོ་བཞིན་དུ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་ཡོད་མཁན་ཞིག་ཡིན། ང་རང་ཚོ་སྐྱེ་བ་བརྒྱུད་ནས་ཡོང་སྐབས་དེ་ཚོའི་སྐྱེ་བ་ལེན་མྱོང་བ་དང༌། ཁོང་ཚོ་ཡང་ང་ཚོ་ནང་བཞིན་མིའི་སྐྱེ་བ་ལེན་མྱོང་ཡོད། ནང་པའི་ངོས་ནས་བྱས་ན། སེམས་ཅན་རྣམས་ཀྱི་ལས་བཟང་ངན་འདྲ་མིན་གྲངས་ལས་འདས་པ་ཡོད་པའི་རྐྱེན་གྱིས་ སེམས་ཅན་གྱི་རྣམ་པ་ཡང་འདྲ་མིན་གྲངས་ལས་འདས་པ་འབྱུང་གི་ཡོད་པ་བཤད་ཀྱི་ཡོད། འཇིག་རྟེན་ལས་འདས་པའི་ལྷ་ལ་བདེན་པ་མཐོང་བའི་ལམ་ཐོབ་པའི་བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་ཡིན་པ་བཅས་གཙོ་བོ་རིགས་གཉིས་ཡོད། བྱང་ཆུབ་སེམས་དཔའི་ཚུལ་སྟོན་པའི་གྲས་ལ་ཡང༌། དོན་ལ་སངས་རྒྱས་ཡིན་ཀྱང་བྱང་ཆུབ་སེམས་དཔའི་ཚུལ་བཞེས་པ་དང༌། དོན་ལ་བྱང་ཆུབ་སེམས་དཔའ་ཡིན་པ་བཅས་ནང་གསེས་རིགས་གཉིས་ཡོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གི་ནང་ཆོས་སྲུང་གི་རྣམ་པར་བཞེངས་པ་མགོན་པོ་ཕྱག་དྲུག་དང༌། དཔལ་ལྡན་ལྷ་མོ་སོགས་པ་དུ་མ་ཡོད།

དཀྱིལ་འཁོར་གྱི་ལྷ་རྣམས་མི་སློབ་ལམ་ཐོབ་པའི་འཇིག་རྟེན་ལས་འདས་པ་ཡིན་ལ། སངས་རྒྱས་ཀྱང་ཡིན། དཔེན་ན་རྣལ་འབྱོར་རྒྱུད་ནང་དབུས་ཀྱི་ལྷ་གཙོ་བོ་གཅིག་གི་རྣམ་འགྱུར་ཡིན་པའི་ ལྷ་སྟོང་ཕྲག་ཡོད་པའི་དཀྱིལ་འཁོར་དེ་འདྲ་ཡོད། དེ་བཞིན་གསང་འདུས་ཀྱི་སྔགས་བླ་མེད་རྒྱུད་ཀྱི་དཀྱིལ་འཁོར་ནང་དུ་ལྷ་སོ་གཉིས་ཡོད་དེ་ཚོ་གང་ཟག་གཅིག་གི་ཕུང་ཁམས་སྐྱེ་མཆེད་དག་པ་ལས་ལྷའི་རྣམ་པར་ཤར་བ་ཡིན། དེས་ན་དཀྱིལ་འཁོར་ནང་ལྷ་མང་པོ་སྣང་ཡང༌། དོན་ལ་གང་ཟག་གཅིག་ཉིད་ཡིན།

ལྷའི་རྣལ་འབྱོར་ཉམས་སུ་བླངས་པ་འདི་སེམས་ཅན་གྱི་དོན་ཡོངས་སུ་རྫོགས་པར་སྒྲུབ་ཐུབ་པའི་ཆེད་གཙོ་བོ་སངས་རྒྱས་ཀྱི་གོ་འཕང་གི་མཆོག་གི་དངོས་གྲུབ་ཐོབ་པའི་དོན་དུ་ཡིན། སྤྱིར་སྔགས་ལམ་འདི་ཟབ་གསལ་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་བསྡུས་པ་ཞིག་ཡིན་པས། ཟབ་པ་ནི་ཟབ་མོ་སྟོང་པ་ཉིད་རང་བཞིན་མེད་པ་རྟོགས་པའི་ཡེ་ཤེས་དང༌། གསལ་བ་ནི་ལྷན་ཅིག་ཏུ་ཡེ་ཤེས་དེ་ཉིད་ལྷའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བ་དེ་ཡིན། ཡེ་ཤེས་དེའི་སྣང་ཆ་ལྷ་དང་རྟེན་གྱི་དཀྱིལ་འཁོར་སོགས་སུ་ཤར་ཞིང༌། ཡེ་ཤེས་དེ་ཉིད་ཀྱི་ངེས་པའི་ཆ་དེས་དེ་དག་གི་རང་བཞིན་མེད་པ་རྟོགས་པ་ཡིན།

རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནང་ཐུན་མིན་ཁྱད་པར་ཅན་གྱི་ཉམས་ལེན་གྱི་ཐོག་ནས་རྣམ་ཤེས་ཕྲ་བའི་རིགས་བེད་སྤྱོད་བྱེད་ཚུལ་ཞིག་ཡོད། བརྗོད་གཞི་འདི་དང་འབྲེལ་ནས་གསང་བ་འདུས་པའི་ནང་ཐ་མལ་པའི་གནས་སྐབས་ཀྱི་སྐུ་ གསུམ་པོ་དེ་ལམ་དུས་ཀྱི་སྐུ་གསུམ་གྱི་ངོ་བོར་འཆར་བར་བྱེད་ཅིང༌། དེ་ལ་བརྟེན་ནས་འབྲས་དུས་ཀྱི་སངས་རྒྱས་ཀྱི་སྐུ་གསུམ་མངོན་དུ་བྱེད་ཀྱི་ཡོད། ཐ་མལ་པའི་གནས་སྐབས་ཀྱི་སྐུ་གསུམ་པོའི་སྐོར་བརྗོད་ན་ཐ་མལ་པའི་འཆི་བའི་སྐབས་ ཤར་ཡོང་བའི་འཆི་བ་འོད་གསལ་གྱི་སེམས་དང་གཞི་དུས་ཀྱི་ཆོས་སྐུ་དང༌། དེ་བཞིན་དུ་གཟུགས་མེད་ཁམས་སུ་སྐྱེས་པ་མ་གཏོགས་སྐྱེ་འཆི་གཉིས་ཀྱི་བར་ལ་བར་དོ་ཡོད་པ་དེ་ལ་གཞི་དུས་ཀྱི་ལོངས་སྐུ་དང༌། མངལ་དུ་ཉིང་མཚམས་སྦྱར་མ་ཐག་པའི་སྐྱེ་བ་གསར་པ་དེར་གཞི་དུས་ཀྱི་སྤྲུལ་སྐུ་ཟེར་གྱི་ཡོད། དེ་བཞིན་ཉིན་ཞག་གཅིག་ནང་གི་གཉིད་མཐུག་པོ་དེར་གཞི་དུས་ཀྱི་ཆོས་སྐུ་དང༌། རྨི་ལམ་རྨིས་པའི་སྐབས་སུ་གཞི་དུས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སད་པའི་སྐབས་སུ་གཞི་དུས་ཀྱི་སྤྲུལ་སྐུའི་ཐ་སྙད་སྦྱར་གྱི་ཡོད། ཐ་མལ་པའི་ཆ་དེ་ཚོ་ལམ་ལ་ཁྱེར་ནས་དེ་དང་མཐུན་པའི་སངས་རྒྱས་ཀྱི་སྐུའི་ཆ་དེ་དང་དེ་སྒྲུབ་ཀྱི་ཡོད། ཉམས་ལེན་དེ་ཚོ་ལྷའི་རྣལ་འབྱོར་སྐྱོང་བའི་ཐོག་ནས་བྱེད་ཀྱི་ཡོད་ཀྱང༌། དེའི་ཐོག་སེམས་ཕྲ་བའི་རིགས་བེད་སྤྱོད་བྱས་ནས་སངས་རྒྱས་འཐོབ་པར་བྱེད་པའི་ལམ་ལ་མྱུར་དུ་འགྲོ་ཐུབ་པ་བྱེད་ཀྱི་ཡོད།

ལྷ་ཡི་རྣལ་འབྱོར་སྐྱོང་བའི་རྣལ་འབྱོར་པ་རབ་ཀྱིས་སངས་རྒྱས་གོ་འཕང་གི་མཆོག་ གི་དངོས་གྲུབ་ཐོབ་པའི་དོན་གཉེར་བྱེད་ཅིང༌། འབྲིང་གིས་དངོས་གྲུབ་ཆེན་པོ་བརྒྱད་གང་རུང་དང༌། མཐའ་མས་ཞི་རྒྱས་དབང་དྲག་གི་ལས་བཞི་སྒྲུབ་ཐབས་བྱེད་ཀྱི་ཡོད། འདི་མཐའ་དག་གཞན་གྱི་ཕན་བདེ་སྒྲུབ་པའི་ཆེད་ཡིན། འདི་འདྲའི་ཉམས་ལེན་བྱེད་རྒྱུའི་ལྷ་ལ་ཞི་དྲག་གི་རྣམ་པ་གཉིས་ཀ་ཡོད། རྣམ་པ་མང་པོ་བསྟན་པའི་རྒྱུ་མཚན་ནི་འདི་ལྟར་ཡིན། ཉན་ཐོས་ཀྱི་སྡེ་སྣོད་ནང་ཉོན་མོངས་པ་ལམ་དུ་འཁྱེར་ཚུལ་གསུངས་མེད།

ཡིན་ནའང་བྱང་སེམས་ཀྱི་ཕར་ཕྱིན་ཐེག་པའི་སྡེ་སྣོད་ལས་འདོད་ཆགས་ལྟ་བུ་གཞན་དོན་སྒྲུབ་པའི་གྲོགས་སུ་འགྲོ་བ་ལ་བརྟེན་ནས་ཉོན་མོངས་པ་འདོད་ཆགས་དེ་ལམ་དུ་འཁྱེར་ ཚུལ་གསུངས། དེ་ནི་དཔེར་ན་རྒྱལ་པོའི་རྣམ་པར་ཕེབས་པའི་བྱང་ཆུབ་སེམས་དཔས་རྒྱལ་སྲིད་ཀྱི་ དོན་དུ་བུ་མང་པོ་བསྐྲུན་པ་ལྟ་བུ་ཡིན། འོན་ཀྱང་སྔགས་ཀྱི་ཐེག་པ་ལས་ཞེ་སྡང་ཡང་ལམ་དུ་འཁྱེར་བ་གསུངས་ཡོད། འདི་སྦྱོར་བའི་སྐབས་སུ་མ་གཏོགས་ཀུན་སློང་གི་དུས་སུ་མིན་ལ། ཀུན་སློང་ནི་སྙིང་རྗེ་ཆེན་པོ་ཁོ་ན་ཡིན། སྙིང་རྗེ་ཆེན་པོས་རྒྱུའི་ཀུན་སློང་བྱས་ནས་དོངས་གཞི་ལག་ལེན་སྐབས་དགོས་པ་ དམིགས་བསལ་ཞིག་གི་དོན་དུ་རྣལ་འབྱོར་པས་ཞེ་སྔང་ངམ། ཁྲོ་བ་དེ་བེད་སྤྱོད་བྱེད་ཀྱི་ཡོད། ཐབས་ལམ་འདི་ང་ཚོ་རླུང་ལངས་པའི་སྐབས་སུ་སེམས་ངར་ཤུགས་ཆེན་པོ་ཞིག་བསྐྱེད་ཀྱི་ ཡོད་པ་དེ་གཞི་ལ་བཞག་ནས་བྱུང་བ་ཡིན། ལས་དྲག་པོ་ཞིག་རྩོམ་ཐབས་བྱེད་དུས་ནུས་ཤུགས་དང་སྟོབས་ཀྱིས་ཁྱད་པར་བཟོ་གི་ ཡོད། དེར་བརྟེན་ཞེ་སྡང་ལམ་དུ་བེད་སྤྱོད་བྱེད་པའི་རྒྱུ་མཚན་གྱིས་ལྷ་ཁྲོ་བོ་རྣམས་བྱུང་བ་ཡིན།

ལྷ་ཞི་དྲག་མང་པོའི་ཕྱག་ཏུ་ཐོད་པ་སོགས་བསྣམས་ཡོད། དཔེར་ན་འཁོར་ལོ་སྡོམ་པས་ཁྲག་གིས་གང་བའི་ཐོད་པ་བསྣམས་ཡོད། དེའི་ཐོད་པས་བདེ་བ་མཚོན་ལ། ཁྲག་གིས་རང་བཞིན་མེད་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་མཚོན་གྱི་ཡོད། ཐོད་པ་དང་བདེ་བ་གཉིས་ཀྱི་དབར་འབྲེལ་བ་གང་ཡོད་ཅེ་ན། ཁམས་བཞུ་བའི་བཞུ་བདེའི་གནས་དེ་སྤྱི་བོར་ཡོད་པ་རྩིས་ཀྱི་ཡོད། དེ་དང་འདྲ་བར་ཝར་ཇི་ནི་ཡའི་ཆེས་མཐོའི་སྨན་གྱི་སློབ་དཔོན་ཞིག་གིས་ཁུ་བ་ འབྱིན་པའི་གནས་མཐར་ཐུག་དེ་མགོ་ལ་ཡོད་པ་འགྲེལ་བཤད་བྱས་ཡོད། དེར་བརྟེན་ཁྲག་གིས་གང་བའི་ཐོད་པ་དེས་སྟོང་པ་དང་བདེ་བ་མཚོན་གྱི་ཡོད།

ཕྱོཌ་གཞན་ནས་ཐོད་པས་མི་རྟག་པ་མཚོན་པ་དང༌། རོ་ཡིས་བདག་མེད་པ་མཚོན་གྱི་ཡོད། འཇིག་རྟེན་ལས་འདས་པའི་ལྷ་ལ་ཐོད་སྐམ་ལྔས་ཡེ་ཤེས་ལྔ་དང༌། རྒྱལ་བ་རིཌ་ལྔ་མཚོན་གྱི་ཡོད། བཤད་པ་འདི་འདྲ་བ་ནི་ལྷ་ཁྲོ་བོ་རྣམས་ཤེས་པའི་ཆེད་དུ་དགོས་པ་ཡིན།

ལྷ་ཁྲོ་བོ་རྣམས་ཀྱི་བསྟོད་པའི་ནང་སྐབས་གང་དུའང་ཆོས་ཀྱི་སྐུའམ། བྱམས་བརྩེ་ལས་མི་གཡོ་བ་ཞེས་འཁོད་ཡོད། གང་སྲིད་སྔགས་ཀྱི་རྣལ་འབྱོར་པས་སྔོན་འགྲོ་དགོས་ངེས་ཀྱི་སྙིང་རྗེ་ཤུགས་དང་ དྲག་མེད་པར་དྲག་པོའི་ཉམས་ལེན་འདི་འདྲ་བྱས་ན་ཕན་པ་ལས་གནོད་ཚབས་ཆེ་བ་ཡོད། བོད་ཀྱི་གྲུབ་ཆེན་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱིས་བྱམས་སྙིང་རྗེ་ཆེན་པོ་དང༌། སྟོང་ཉིད་ཀྱི་གོ་བ་མེད་པར་སྔཌ་ཉམས་ལེན་བྱས་ནས་དྲག་སྔཌ་བཟླས་ན་སེམས་ཅན་ལ་གནོད་འཚེ་བྱེད་མཁན་གྱི་འདྲེར་སྐྱེ་ཉེན་ཡོད་ཅེས་གསུངས་ཡོད། སྔགས་ཉམས་ལེན་བྱེད་པ་ལ་སྔོན་འགྲོའི་ཆ་རྐྱེན་དང༌། མཚན་ཉིད་ཆ་ཚང་བ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།

དེ་བཞིན་དུ་ནང་གི་རླུང་ངམ་དབུགས་ཀྱི་རྣལ་འབྱོར་ཉམས་ལེན་བྱེད་རྒྱུ་ཁག་པོ་ཡོད་ཅིང༌། དེར་ཉེན་ཁ་ཡང་སྲིད་པ་ཡིན། དེའི་ཕྱིརསྔགས་ཀྱི་ཉམས་ལེན་གསང་བའི་ཐོག་སྦས་ནས་བྱེད་དགོས་པར་གསུང་གི་ཡོད། འགྲེམས་སྟོན་ཁང་ནང་གི་སྐུ་འདྲ་དང་སྐུ་པར་དེ་ཚོ་ལ་བལྟ་རྒྱུ་ལས་སླ་པོ་ཡིན་ནའང༌། དངོས་སུ་ལག་ལེན་བྱེད་རྒྱུ་ཧ་ཅང་ཁག་པོ་ཡིན།། །།
ནེའུ་ཨཀ་འགྲེམས་སྟོན་ཁང་ལ་སྩལ་བའི་བཀའ་སློབ་ནས་བཏུས



བདེན་པ་བཞི།
༄༅། །ཆོས་ལུགས་ཚང་མར་སྤྱིའི་ཆ་ནས་བཤད་ན་བྱམས་སྙིང་རྗེའི་ཀུན་སློང་ཡོད་པ་གཅིག་མཚུངས་ཡིན། ལྟ་བའི་ཆ་ནས་ཁྱད་པར་ཆེན་པོ་ཡོད་ན་ཡང། ཡར་རྒྱས་གཏོང་དགོས་པའི་གཞི་རྩའི་དམིགས་ཡུལ་དེ་ཕེལ་ཆེར་མཚུངས་པ་ཡིན། དེ་ལྟ་ན་ཡང་ཆོས་ལུགས་རེ་རེར་ཐབས་ཤེས་དམིགས་བསལ་དེ་འདྲ་ཡོད། ང་ཚོའི་རིག་གཞུང་རྣམས་རང་བཞིན་གྱི་མི་འདྲ་བ་ཡིན་ན་ཡང། འཛམ་བུ་གླིང་འདི་ཆུང་དུ་འགྲོ་བཞིན་པ་དང་འབྲེལ་ལམ་བཟང་དུ་ཕྱིན་པ་ལ་བརྟེན་ནས་ཕན་ཚུན་ལེགས་ཆ་ལེན་རྒྱུའི་གོ་སྐབས་བཟང་པོ་བྱུང་བ་ལ་བརྟེན་ནས་ང་ཚོའི་ལུགས་སྲོལ་ཕན་ཚུན་དབར་ཐག་ཉེ་རུ་ཕྱིན་ཡོད། འདི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད་སྙམ་གྱི་འདུག


དཔེར་ན་ཡེ་ཤུའི་ཆོས་ཚུལ་ནང་ཤེས་ཡོན་དང་འཕྲོད་བསྟེན་གྱི་གཙོས་པའི་ མིའི་རིགས་ལ་ཞབས་འདེགས་ཞུ་བའི་ཐད་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བའི་ཐབས་ལམ་དུ་མ་ཞིག་ཡོད། དེས་ན་ང་ཚོ་ནང་པས་སྦྱང་དགོས་པ་མང་པོ་འདུག །དེ་དང་ཆབས་ཅིག་ཏུ་སྒོམ་ཟབ་མོ་དང་།མཚན་ཉིད་རིགས་པའི་རྣམ་གཞག་གསུངས་པའི་ནང་པའི་གཞུང་ནས་ཡེ་ཤུའི་ཆོས་པ་ཚོར་དགོས་པའི་ཕན་ཐོགས་ཅན་གྱི་ཐབས་ཤེས་མང་པོ་སྦྱང་རྒྱུ་ཡོད། གནའ་སྔ་མོ་རྒྱ་གར་ནང་ལ་ནང་པ་དང་ཧིན་དྷུ་གཉིས་ཕན་ཚུན་ལེགས་ཆ་ལེན་རེས་བྱས་ཡོད།


ལམ་ལུགས་འདི་རྣམས་རྩ་བའི་ཆ་ནས་མིའི་རིགས་ལ་ཕན་པ་སྒྲུབ་རྒྱུའི་དགོས་དོན་མཚུངས་པ་ཡིན་སྟབས། དགག་ཕྱོགས་ནས་ཕན་ཚུན་ལེགས་ཆ་ལེན་རེས་བྱེད་པ་ལ་སྐྱོན་གང་ཡང་མེད་ལ། སྒྲུབ་ཕྱོགས་ནས་དེས་གཅིག་གིས་གཅིག་ལ་གུས་བརྩི་དང་། མཐུན་སྒྲིལ། ཆིག་སྒྲིལ་ཡོང་རྒྱུར་ཕན་ཐོགས་ཡོད། རྒྱུ་མཚན་འདི་ལ་བརྟེན་ནས་ངས་ནང་པའི་ལྟ་ཚུལ་སྐོར་ཕྲན་བུ་ཞིག་བཤད་ཀྱི་ཡིན།


ནང་པའི་ཆོས་ཀྱི་རྩ་བ་ནི། སྡུག་བསྔལ་བདེན་པ་དང། ཀུན་འབྱུང་བདེན་པ། འགོག་བདེན། ལམ་བདེན་བཅས་འཕགས་པའི་བདེན་པ་བཞི་པོ་རྣམས་ཡིན། བདེན་པ་བཞི་ལ་སྡུག་བསྔལ་དང་། དེའི་རྒྱུ་ཀུན་འབྱུང་གྱི་རྒྱུ་འབྲས་ཚན་པ་གཅིག་དང། འགོག་པ་དེ་དངོས་སུ་འདྲེན་བྱེད་ཀྱི་ལམ་གྱི་རྒྱུ་འབྲས་ཚན་པ་གཅིག་བཅས་རྒྱུ་འབྲས་ཚན་པ་གཉིས་ཡོད། སྡུག་བསྔལ་ནི་ནད་ལྟ་བུ་དང། ཀུན་འབྱུང་ནི་ནད་དེ་འབྱུང་བར་བྱེད་པའི་ཕྱི་ནང་གི་རྒྱུ་རྐྱེན་ལྟ་བུ་ཡིན། སྡུག་བསྔལ་དང་དེའི་རྒྱུ་འགོག་པའི་འགོག་པ་ནི་ནད་དེ་ཞི་བའི་ཆ་ལྟ་བུ་དང། ལམ་བདེན་ནི་ནད་དེ་བཅོས་པའི་སྨན་ལྟ་བུ་དེ་ཡིན།


འབྲས་བུ་སྡུག་བསྔལ་དང་འགོག་པ་དེ། རྒྱུ་ཀུན་འབྱུང་དང་ལམ་གྱི་སྔོན་ལ་བཤད་དགོས་པའི་རྒྱུ་མཚན་ནི། ཐོག་མར་རང་ཉིད་ཀྱིས་ནད་ལྟ་བུའི་འཕགས་པའི་བདེན་པ་དང་པོ་སྡུག་བདེན་དེ་ངོས་ འཛིན་བྱེད་དགོས། དེ་ནས་ནད་དེ་ངོས་བཟུང་བ་ཙམ་གྱིས་མི་ཆོག་པར་སྨན་ཇི་འདྲ་ཞིག་བསྟེན་དགོས་པ་ཤེས་པ་ལ་ནད་ཀྱི་རྒྱུ་དེ་ཤེས་དགོས་པས་བདེན་བཞིའི་རིམ་པ་གཉིས་པར་སྡུག་བསྔལ་ གྱི་རྒྱུའམ་ཀུན་འབྱུང་དེ་བསྟན་པ་ཡིན།


ནད་ཀྱི་རྒྱུ་ངོས་བཟུང་བ་ཙམ་གྱི་མི་ཆོག་པར་ནད་དེ་བཅོས་ཐབས་ཡོད་མེད་བལྟ་དགོས་ཤིང་། བཅོས་ཐབས་ཡོད་པར་ཤེས་པ་ལྟ་བུ་ནི་རིམ་པ་གསུམ་པ་སྡུག་ཀུན་འགོག་པའི་འགོག་བདེན་དེ་ཡིན།


མི་འདོད་པའི་སྡུག་བསྔལ་དང་། དེའི་རྒྱུ་ངོས་བཟུང་ཟིན་པ་དང་། དེ་ནས་ནད་དེ་བཅོས་ཐབས་ཡོད་པར་ཤེས་རྗེས་དེ་ལས་གྲོལ་བའི་ཐབས་སྨན་བསྟེན་དགོས་པ་བཞིན་དུ་སྡུག་བསྔལ་ལས་གྲོལ་བའི་ཐོབ་པར་བྱེད་པའི་ལམ་བསྟེན་དགོས།


ཐོག་མར་ཆ་ལ་སྡུག་བསྔལ་ངོས་འཛིན་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན། སྡུག་བསྔལ་ལ་སྤྱིར་བཏང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་རིགས་གསུམ་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་ནི་མགོ་ནད་ལྟ་བུ་ང་ཚོས་དུས་རྒྱུན་དུ་ངོས་འཛིན་བྱེད་རྒྱུའི་ལུས་སེམས་ཀྱི་སྡུག་བསྔལ་རྣམས་ཡིན། སྡུག་བསྔལ་འདིའི་རིགས་ལས་གྲོལ་འདོད་ནི་མི་ཙམ་མ་ཟད་དུད་འགྲོ་ལ་ཡང་ཡོད། སྡུག་བསྔལ་འདིའི་རིགས་ཁག་ཅིག་སྨན་བསྟེན་པ་དང་། གོས་དྲོ་པོ་གྱོན་པ། སྡུག་བསྔལ་འབྱུང་གཞི་གང་ཡིན་དེ་ལས་གཡོལ་ཐབས་བྱེད་པ་སོགས་ཀྱིས་བཟློག་ཐུབ།


རིམ་པ་གཉིས་པ་འགྱུར་བའི་སྡུག་བསྔལ་ནི། ང་ཚོས་ཕྱི་ཚུལ་དུ་བདེ་བར་ངོས་འཛིན་བྱེད་ཀྱང་། དེར་ཞིབ་འཇུག་བྱས་ན། དོན་དངོས་པོའི་གནས་ཚོད་ལ་སྡུག་བསྔལ་ཞིག་ཏུ་གྱུར་ཡོད་པ་རྣམས་ཡིན། དཔེར་ན་དུས་རྒྱུན་དུ་བདེ་བར་ངོས་འཛིན་བྱེད་སའི་གཞི་སྣུམ་འཁོར་གསར་པ་ཞིག་ཉོས་པ་ལྟ་བུ་ལ་ མཚོན་ན། དེ་ཐོག་མར་བྱུང་དུས་སྐྱིད་པོ་དང། དགའ་པོ། འདོད་པ་ཚིམས་པོ་བཅས་ཡོང་གི་ཡོད་ཀྱང་། དེ་ཉིད་བེད་སྤྱོད་བྱེད་པའི་ཚེ་དཀའ་ངལ་གྱི་འགོ་ཚུགས་ཀྱི་ཡོད། གལ་སྲིད་དེ་ཉིད་དོན་དམ་པའི་བདེ་བ་ཞིག་ཡིན་ན་ཡིད་ཚིམས་པའི་རྒྱུ་འདི་ལ་ཇི་ཙམ་སྤྱད་པ་དེ་ཙམ་གྱིས་བདེ་པའི་སྣང་བ་འཕེལ་དགོས་ནའང་དེ་ལྟར་མི་ཡོང་བར་དེ་དག་བེད་སྤྱོད་ཇི་ཙམ་མང་དུ་བཏང་བ་དེ་ཙམ་གྱིས་རྙོག་དྲ་ཆེ་རུ་འགྲོ་གི་ཡོད། དེས་ན་དེ་རྣམས་འགྱུར་བ་ཕྱིན་པའི་དབང་གིས་སྡུག་བསྔལ་གྱི་རང་བཞིན་མངོན་པར་གསལ་དུ་འགྲོ་བའི་རིགས་ལ་འགྱུར་བའི་སྡུག་བསྡལ་ཞེས་བརྗོད།


སྡུག་བསྔལ་གྱི་རིམ་པ་གསུམ་པས་དང་པོ་གཉིས་ཀྱི་གཞི་བྱེད་ལ། དེའི་མཚན་གཞི་ནི། ངོ་ཚོའི་རྒྱུད་ཀྱི་ཟག་བཅས་ཀྱི་ལུས་སེམས་ཀྱི་ཕུང་པོ་གཉིས་ཡིན། དེ་འཁོར་བ་པའི་རིགས་ཐམས་ཅད་ལ་ཁྱབ་པའམ་འཇུག་པར་བྱེད་པས་ན་ཁྱབ་པ་དང་། དེ་ཉིད་ད་ལྟའི་སྡུག་བསྔལ་གྱི་གཞི་དང། མ་འོངས་པར་སྡུག་བསྔལ་སྐྱེད་པར་བྱེད་པའི་ཆ་ནས་འདུ་བྱེད་པ་ཡིན་པས་དེ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བརྗོད། སྡུག་བསྔལ་གྱི་རིགས་འདི་ནི་སྐྱེ་བའི་རྒྱུད་ཆད་ན་མ་གཏོགས་ནམ་ཡང་གཡོལ་ཐབས་མེད།


འདི་རྣམས་ནི་ཐོག་མར་ངོས་འཛིན་བྱེད་དགོས་རྒྱུའི་སྡུག་བསྔལ་གྱི་རིགས་གསུམ་པོ་དེ་ཡིན། དེས་ན་ཚོར་བ་སྡུག་བསྔལ་དུ་ངོས་འཛིན་བྱེད་པ་ཙམ་མ་ཡིན་པར་ཚོར་བ་དེ་ལྟ་བུ་གང་ལ་བརྟེན་ནས་བྱུང་བའི་ཕྱི་ནང་གི་ཆོས་རྣམས་ཀྱང་སྡུག་བསྔལ་ཡིན་ལ། དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་ལ་ཡང་སྡུག་བསྔལ་ཞེས་བཏགས།


ཀུན་འབྱུང་གང་ཡིན་ནམ། སྡུག་བསྔལ་གང་ལ་བརྟེན་ནས་འབྱུང་གི་ཡོད་དམ་ཞེ་ན། དེ་ལ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་བཅས་གཉིས་ཡོད་ཅིང། འདི་དག་ནི་འཕགས་པའི་བདེན་པ་བཞིའི་ནང་ནས་གཉིས་པ་ཀུན་འབྱུང་བདེན་པ་ཡིན། ལས་སམ། ཀརྨ་ནི་ཟག་བཅས་ཀྱི་ལུས་ངག་ཡིད་གསུམ་གྱི་ལས་ཡིན། རང་བཞིན་ནམ་ངོ་བོའི་སྒོ་ནས་དབྱེ་ན། ལས་ལ་དགེ་བ་དང་། བཟང་པོ་འབྱིན་པར་བྱེད་པའི་ལན་ནི་དགེ་བའི་ལས་དང་། གདུང་བའམ་འབྲས་བུ་ངན་པ་འབྱིན་པར་བྱེད་པའི་ལས་ནི་མི་དགེ་བའི་ལས་ཡིན།


ཉོན་མོངས་ལ་འདོད་ཆགས། ཞེ་སྡང་། གཏི་མུག་བཅས་གཙོ་བོ་གསུམ་ཡོད།དེ་དག་གིས་ཕྲག་དོག་དང་འཁོན་འཛིན་ལྟ་བུའི་ཉོན་ མོངས་ཅན་གྱི་སེམས་ཀྱི་རིགས་མི་འདྲ་བ་དུ་མ་སྐྱེད་པར་བྱེད། སྡུག་བསྔལ་གྱི་རྒྱུ་ཀརྨའམ་ལས་དེ་དག་འགོག་པ་ལ་དེ་དག་གི་རྒྱུ་ཉོན་མོངས་འདི་རྣམས་འགོག་དགོས། དེར་བརྟེན་ལས་དང་ཉོན་མོངས་གཉིས་ཀྱིས་ཀྱི་ནང་ནས་སྡུག་བསྔལ་གྱི་རྒྱུ་གཙོ་བོ་ ནི་ཕྱི་མ་ཉོན་མོངས་དེ་ཡིན།


ཉོན་མོངས་རྣམས་བསལ་ཐུབ་བམ་མི་ཐུབ་ཅེས་དྲིས་དུས་འཕགས་པའི་བདེན་པ་གསུམ་པ་འགོག་བདེན་གྱི་རང་བཞིན་ལ་བརྟག་པ་བྱེད་ཀྱི་ཡོད། གལ་སྲིད་ཉོན་མོངས་རྣམས་སེམས་ཀྱིས་རང་བཞིན་ལ་ཞུགས་ཡོད་ན་དེ་དག་བསལ་མི་སྲིད། དཔེར་ན་ཞེ་སྡང་ལྟ་བུ་སེམས་ཀྱི་རང་བཞིན་ཡོད་ན་ང་ཚོ་ཇི་སྲིད་ཤེས་པས་ཟིན་པ་དེ་སྲིད་དུ་ཞེ་སྡང་ཅན་ཡིན་དགོས་པ་ལ་དེ་ལྟར་མིན་པ་ནི་གསལ་པོ་ཡིན། དེ་ནི་ཆགས་སེམས་ལ་ཡང་མཚུངས་པ་ཡིན། དེས་ན་སེམས་སམ་རྣམ་ཤེས་ཀྱི་རང་བཞིན་དེ་དྲི་མས་མ་བསླད་པར་ངོས་འཛིན་བྱེད་ཀྱི་ཡོད། དྲི་མ་ནི་གཞིའི་སེམས་དང་འབྲལ་རུང་གི་གློ་བུར་བའི་ཆོས་ཤིག་ཡིན། བསམ་བློའི་འཁྱེར་སོ་བཟང་བའི་རིགས་རྣམས་ངན་པའི་རིགས་དང་འགལ་བ་ཡིན་པ་ནི་གསལ་པོ་ཡིན། དཔེར་ན། བྱམས་པ་དང་། ཁོང་ཁྲོ་གཉིས་གང་ཟག་གཅིག་གི་རྒྱུད་ལ་དུས་གཅིག་ཏུ་སྐྱེ་མི་ཐུབ་ལ། ཡུལ་ཞིག་ལ་ལྟོས་ནས་ཁོང་ཁྲོ་སྐྱེ་བཞིན་པའི་སྐབས་དེ་ག་རང་ལ་བྱམས་པ་མངོན་དུ་འགྱུར་མི་ཐུབ། དེ་བཞིན་དུ་བྱམས་པ་མངོན་དུ་འགྱུར་བཞིན་པའི་སྐབས་དེ་ག་རང་ལ་ཁོང་ཁྲོ་མངོན་དུ་འགྱུར་མི་ཐུབ། འདིས་ཤེས་པ་རིགས་འདི་གཉིས་ཕན་ཚུན་སྤང་འགལ་ཡིན་པར་བསྟན་གྱི་ཡོད། དེས་ན་བསམ་བློའི་འཁྱེར་སོའི་རིགས་གཅིག་ལ་གོམས་པ་ཆེ་རུ་སོང་བ་ན་རིགས་གཞན་པ་དེ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ། བསམ་བློ་བཟང་པོའི་ཕྱོགས་བྱམས་པ་དང་། སྙིང་རྗེ་ཉམས་ལེན་བྱེད་པ་དང་འཕེལ་བ་ལས་ཕྱོགས་གཞན་དེ་ངང་གིས་ཟད་འགྲོ་བའི་རྒྱུ་མཚན་ནི་འདི་ལྟར་ཡིན།


རྒྱུ་མཚན་འདི་ཡི་ཚུལ་གྱིས་ཀུན་འབྱུང་རིམ་པས་སྤོང་ཐུབ་པ་སྒྲུབ་ཀྱི་ཡོད།ཀུན་འབྱུང་རྩ་བ་ནས་ཟད་པ་ན་འགོག་བདེན་ཐོབ་ལ། འདི་ནི་གྲོལ་བ་མཐར་ཐུག་པ་དང། གཏན་གྱི་ཞི་བ་སྟེ་ཐར་པ་ཡིན་ཞིང། འཕགས་པའི་བདེན་པ་བཞིའི་ནང་གི་གསུམ་པ་དེ་ཡིན།


འགོག་པ་འདི་ཐོབ་པ་ལ་ལམ་གང་འདྲ་ཞིག་ལ་སློབ་དགོས་སམ་ཞེ་ན། སྐྱོན་རྣམས་གཙོ་བོ་སེམས་ལས་འབྱུང་གི་ཡོད་པས་གཉེན་པོ་ཡང་སེམས་ཀྱི་སྟེང་ནས་བསྐྱེད་དགོས། དངོས་འབྲེལ་བྱས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཤེས་དགོས་ཀྱི་ཡོད་ན་ཡང་། དེ་ཡིན་ནང་ནས་སེམས་ཀྱི་གནས་ལུགས་མཐར་ཐུག་ཤེས་རྒྱུ་ནི་གལ་ཆེ་ཤོས་ཡིན།


ཐོག་མར་སེམས་ཀྱི་རང་བཞིན་མཐར་ཐུག་དེ་ཇི་ལྟར་ཡོད་པ་དེ་བཞིན་དུ་གཉིས་སྣང་མེད་པའི་སྒོ་ནས་མངོན་སུམ་དུ་གསར་དུ་རྟོགས་དགོས་ཤིང་། འདི་ལ་མཐོང་ལམ་ཟེར། དེ་ནས་རིམ་པ་ཕྱི་མ་ནི་འཛིན་སྟངས་དེར་གོམས་འདྲིས་བསྟེན་རྒྱུ་འདི་ཡིན་ཞིང་། འདི་ལ་སྒོམ་ལམ་ཞེས་ཟེར། ལམ་གྱི་རིམ་པ་འདི་གཉིས་ཀྱི་སྔ་རོལ་ཏུ་གཉིས་སྣང་ཅན་གྱི་ཞི་ལྷག་ཟུང་འབྲེལ་ གྱི་ཏིང་ངེ་འཛིན་ཞིག་ཐོབ་དགོས། དེའི་སྔོན་དུ་སྤྱིའི་ཆ་ནས་བཤད་ན་ཤེས་རབ་ཀྱི་ནུས་པ་སྟོབས་དང་ལྡན་པ་ཞིག་འབྱུང་བ་ལ་སེམས་ཀྱི་གནས་ཆ་དང་ལྡན་པའི་ཞི་གནས་བསྒྲུབ་དགོས།


འདི་རྣམས་ནི་སྡུག་བསྔལ་དང་དེའི་རྒྱུ་ཀུན་འབྱུང་བཅས་འཕགས་པའི་བདེན་པ་དང་པོ་གཉིས་བཀག་པའི་ཆར་གྱུར་པའི་འཕགས་པའི་བདེན་པ་གསུམ་པ་འགོག་པ་དེ་ཐོབ་ བྱེད་དུ་མཁོ་བའི་འཕགས་པའི་བདེན་པ་བཞི་པ་ལམ་གྱི་རིམ་པ་རྣམས་ཡིན། བདེན་བཞི་འདི་ནི་ནང་པའི་ལྟ་བ་དང་ཉམས་ལེན་གྱི་རྩ་བའི་སྒྲོམ་ཡིན།། །།
ཝ་ཤིང་ཊོན་ཆོས་མཐོའི་སློབ་གཉེར་ཁང་ལ་སྩལ་བའི་བཀའ་སློབ


ལས་འབྲས།
༄༅། །བདེ་བ་དང་སྡུག་བསྔལ་ནི་རང་གི་སྔོན་མའི་ལས་ལས་བྱུང་བ་ཡིན། ལས་ཞེས་པ་འདི་ཚིག་སྒྲུབ་ཐུང་ངུ་གཅིག་གི་ནང་འགྲེལ་བཤད་བྱེད་ཐུབ་པ་སྟེ། ལས་བཟང་པོ་བྱས་ན་ཡག་པོ་དང༌། ངན་པ་བྱས་ན་སྡུག་པོ་ཡོང་བ་འདི་ཡིན།


ཀརྨ་ཞེས་པའི་ལེགས་སྦྱར་སྐད་ཀྱི་ཚིག་དེ་ལས་ལ་གོ་གི་ཡོད། ལས་གསོག་ཚུལ་གྱི་ཆ་ནས་བཤད་ན། ལུས་ངག་ཡིད་གསུམ་གྱི་ལས་གསུམ་དང༌། དེ་དག་གི་འབྲས་བུའི་ཆ་ནས་བཤད་ན། ལས་ལ་དགེ་བ་དང༌། ལུང་མ་བསྟན་བཅས་གསུམ་ཡོད། དུས་ཀྱི་ཆ་ནས་ལས་ལ། ལས་ལ་འཇུག་རྒྱུའི་བསམ་བློ་གཏོང་བའི་སྐབས་ཀྱི་སེམས་པའི་ལས་དང༌། སེམས་པ་དེས་བསྐྱེད་པའི་ལུས་ངག་གི་བྱ་བར་དངོས་སུ་ཐོན་པའི་བསམ་པའི་ལས་བཅས་རིགས་གཉིས་ཡོད།


དཔེར་ན། ངས་ད་ལྟ་ཀུན་སློང་ཞིག་ལ་བརྟེན་ནས་སྐད་ཆ་བཤད་བཞིན་པ་དང༌། དེ་གའི་ཐོག་ནས་ངག་གི་ལས་སམ་ཀརྨ་གསོག་གི་ཡོད། ངའི་ལག་པའི་གཡོ་འགུལ་གྱི་ཐོག་ནས་ལུས་ཀྱི་ལས་ཀྱང་གསོག་གི་ཡོད། ལས་འདི་དག་བཟང་ངན་གང་དུ་འགྱུར་མི་འགྱུར་ནི་རྩ་བ་ངའི་ཀུན་སློང་ལ་རག་ལས་ཡོད། གལ་ཏེ་ངས་བསམ་པ་རྣམ་དག་དང༌། གུས་བརྩི། གཞན་ལ་བརྩེ་བའི་ཀུན་སློང་བཟང་པོ་བཅས་ཀྱི་ཐོག་ནས་བཤད་པ་ཡིན་ན། ལས་རྣམས་བཟང་པོ་དང༌། དགེ་བར་འགྱུར་ལ། གལ་ཏེ་ང་རྒྱལ་དང༌། ཞེ་སྡང༌། གཞན་ལ་སྐྱོན་བརྗོད་ལ་སོགས་པའི་ཀུན་སློང་ངན་པ་ཞིག་གི་ཐོག་ནས་བྱས་པ་ཡིན་ན། ངའི་ལུས་ངག་གི་ལས་རྣམས་མི་དགེ་བར་འགྱུར་གྱི་ཡོད།


དེར་བརྟེན་ལས་ནི་དུས་རྟག་ཏུ་གསོག་བཞིན་པ་ཡིན། མི་ཞིག་གིས་ཀུན་སློང་བཟང་པོའི་ཐོག་ནས་སྐད་ཆ་བཤད་པའི་སྐབས་སུ་འཕྲལ་གྱི་འབྲས་བུ་ལྟ་བུར་རང་གི་ཉེ་འཁོར་གྱི་མི་རྣམས་གྲོགས་པོའི་རྣམ་པར་གྱུར་ཞིང༌། དེ་བཞིན་ལས་དེས་རང་གི་སེམས་ཀྱི་སྟེང་དུ་བག་ཆགས་བཞག་སྟེ། མ་འོངས་པར་ཡང་བདེ་བ་འབྱིན་པར་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ་ཀུན་སློང་ངན་པ་ཞིག་གི་ཐོག་ནས་བཤད་ན་དེ་མ་ཐག་ཏུ་རང་གི་ཉེ་འཁོར་རྣམས་དགྲ་བོའི་རྣམ་པར་གྱུར་བ་མ་ཟད། མ་འོངས་པ་ལའང་རང་ལ་སྡུག་བསྔལ་འབྱིན་པར་བྱེད་ཀྱི་ཡོད། སངས་རྒྱས་ཀྱིས་བདག་ཉིད་བདག་གི་མགོན་ཡིན་པ་དང༌། ཐམས་ཅད་རང་ཉིད་ལ་རག་ལས་ཡོད་པར་གསུངས་ཤིང༌། དེས་བདེ་བ་དང་སྡུག་བསྔལ་ཞེས་པ་དེ་ཕྱི་ནས་བྱུང་བ་མ་ཡིན་པར། རང་རྒྱུད་ཀྱི་དགེ་བ་དང་མི་དགེ་བའི་ལས་ལས་འབྱུང་བར་བཤད་ཀྱི་ཡོད། ལྟ་བ་འདི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཆེན་པོ་ཡོད། གང་ཡིན་ཞེ་ན་ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་ཡོད་ཕྱིན། ཕྱིའི་ཉེན་སྲུང་བ་ཡོད་མེད་ལ་མ་ལྟོས་པར་རང་ཉིད་དུས་རྟག་ཏུ་བློ་བསྒྲིམས་ནས་སོ་སོར་ཞུ་དག་གཏོང་གི་རེད། དཔེར་ན། འདིར་དངུལ་གང་འཚམས་ཞིག་དང༌། ཡང་ན་རིན་པོ་ཆེ་རྩ་བ་ཆེན་པོ་ཞིག་ཡོད་པ་གཞིར་བྱས། གཡས་གཡོན་ལ་མི་སུ་ཡང་མེད་ན། སྤྱིར་བཏང་དེ་ལས་སླ་པོ་བྱས་ནས་འཁྱེར་ཐུབ། དེ་ལྟ་ན་ཡང་ལས་འབྲས་ཀྱི་ལྟ་བ་ལ་ཡིད་ཆེས་ཡོད་ན། རང་ཉིད་ཀྱི་མ་འོངས་པའི་འགན་ཡོངས་རྫོགས་རང་ཉིད་ཀྱིས་འཁུར་དགོས་དུས་དེ་འདྲ་རྩ་ནས་འཁྱེར་གྱི་མ་རེད།


དེང་དུས་ཀྱི་སྤྱི་ཚོགས་ནང༌། ཡར་ཐོན་ཆེ་བའི་དེང་དུས་ཀྱི་འཕྲུལ་ཆས་ལྡན་པའི་ཉེན་སྲུང་བའི་ལམ་སྲོལ་ཡང་རྩེར་སོན་པ་ཞིག་ཡོད་ན་ཡང་མི་ཚོས་ད་དུང་ཡང་འཇིགས་བསྐུལ་དྲག་སྤྱོད་ཀྱི་ལས་ལ་འཇུག་ཐུབ་ཀྱི་ཡོད། ཕྱོགས་གཅིག་ལ་ཕྱོགས་གཞན་པ་དེ་བསྲུང་རྒྱུའི་ཐབས་བྱུས་ཡང་རྩེར་སོན་པ་དུ་མ་ཞིག་ཡོད་རུང༌། ཕྱོགས་གཞན་པ་དེ་ལ་རྙོག་དྲ་བཟོ་བའི་ཐབས་བྱུས་དེ་བས་ངན་པ་མང་པོ་ཡོད། དེས་ན་སྟངས་འཛིན་ངོ་མ་ནི་རང་ཉིད་ཀྱི་མ་འོངས་པའི་འགན་ཁུར་གྱི་བསམ་བློ་དང༌། གཞན་གྱི་བདེ་དོན་ལ་ཕན་སེམས་བྱེད་པའི་ནང་བསམ་བློའི་འཁྱེར་སོ་ཞིག་ལས་ཡོང་དགོས་པ་ཡིན།


ངོ་མའི་ལག་ལེན་ནས་བཤད་ན། ནག་ཉེས་ཀྱི་བྱ་སྤྱོད་འགོག་སྲུང་བྱེད་པའི་ཐབས་ཤེས་མཆོག་ཏུ་གྱུར་བ་ནི། རང་ཉིད་སྟངས་འཛིན་བྱ་རྒྱུ་འདི་ཡིན། ནང་སེམས་ཀྱི་འགྱུར་བའི་ཐོག་ནས་ནག་ཉེས་ཀྱི་བྱ་སྤྱོད་རྣམས་བཀག་སྟེ་སྤྱི་ཚོགས་ནང་ཞི་བདེ་སྤེལ་ཐུབ། རང་ཉིད་ཞུ་དག་བྱེད་རྒྱུ་ནི་གལ་ཆེ་ཤོས་ཡིན། དེས་ན་རང་ཉིད་ཀྱི་འགན་རང་ཉིད་ཀྱིས་འཁུར་དགོས་པར་གསུངས་པའི་ནང་པའི་ལྟ་བ་འདི་ཕན་ཐོགས་ཆེན་པོ་ཡོད། གང་ཡིན་ཞེ་ན་འདིས་རང་གཞན་གཉི་གའི་ཁེ་ཕན་གྱི་དོན་དུ་རང་ཉིད་ལ་བརྟག་དཔྱད་དང་སྟངས་འཛིན་བྱེད་དགོས་པ་བསྟན་གྱི་ཡོད།


ལས་ཀྱི་འབྲས་བུ་ལ་རིགས་མི་འདྲ་བ་དུ་མ་ཞིག་གསུངས་ཡོད་པ་ལས། གཅིག་ལ་རྣམ་སྨིན་གྱི་འབྲས་བུ་ཟེར། དེ་ནི་མི་ཞིག་མི་དགེ་བའི་ལས་ཀྱི་དབང་གིས་ངན་འགྲོ་དུད་འགྲོ་ལྟ་བུའི་སྐྱེ་བ་བླངས་པའི་སྐྱེ་བ་ལྟ་བུ་དེ་ཡིན། གཞན་ཞིག་ལ་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ཞེས་ཟེར། དེ་ནི་སྲོག་བཅད་པའི་ལས་ཀྱི་དབང་གིས་ངན་འགྲོར་སྐྱེས་པའི་རྗེས་སུ་རིམ་གྱིས་སླར་མིར་སྐྱེས་ཡིན་ཡང་ཚེ་ཐུང་བར་འགྱུར་བ་དེ་ཡིན། འབྲས་བུ་ཚེ་ཐུང་བ་ཡོང་བ་འདི་གང་ཟག་གཞན་ཞིག་གི་ཚེ་ཐུང་དུ་བཏང་བའི་རྒྱུ་དང་མྱོང་བ་མཐུན་པའི་ཆ་ནས་ཡིན། ཡང་གཞན་ཞིག་ལ་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཟེར། དེ་ནི་སྲོག་གཅོད་ལྟ་བུའི་མི་དགེ་བའི་ལས་ལ་རང་བཞིན་གྱིས་འཇུག་རྒྱུའི་བག་ཆགས་ཡོད་པ་དེ་ཡིན། དེར་མ་ཟད་འབྲས་བུ་ཐུན་མོང་དུ་མྱོང་རྒྱུའི་ལས་ཀྱང་ཡོད། དེ་ནི་གང་ཟག་མང་པོ་ཞིག་གིས་སྤྱི་མཐུན་གྱི་ལས་ཤིག་བསགས་ནས་འབྲས་བུ་ཐུན་མོང་དུ་མྱོང་བ་སྟེ། དཔེར་ན་ཕྱིའི་ཁོར་ཡུག་སོགས་ཐུན་མོང་དུ་ལོངས་སུ་སྤྱོད་པ་ལྟ་བུའོ། འདིར་བཀོད་པའི་དཔེ་རྣམས་དགེ་བའི་ལས་ལ་ཡང་མཚུངས་པར་སྦྱར་ཆོག་པ་ཡིན།


འདིར་ཤེས་པར་བྱེད་དགོས་པ་ནི། འདི་ལྟ་བུའི་ལས་ཀྱི་སྐོར་གྱི་ནང་པའི་ལྟ་བའི་རྣམ་གཞག་འདིས་མིའི་སྤྱི་ཚོགས་ལ་ཞབས་འདེགས་བཟང་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད། ངའི་རེ་བ་ལ་ཆོས་ཕྱོགས་ནས་ཡིན་རུང་མིན་རུང༌། འགྲོ་བ་མིའི་ཡར་རྒྱས་ལ་སྨན་པའི་བསམ་ཚུལ་དང༌། ཐབས་ལམ་ཕན་ཐོགས་ཅན་རྣམས་ཕྱོགས་བསྡུས་བྱེད་ཆེད་ང་ཚོས་ཕན་ཚུན་གྱི་ལམ་སྲོལ་ རྣམས་སློབ་སྦྱོང་བྱ་དགོས།། །།
བྷརོན་ཆེས་མཐོའི་སློབ་གཉེར་ཁང་དུ་སྩལ་བའི་བཀའ་སློབ་ནས་བཏུས


སྐྱབས་འགྲོའི་སྐོར་མདོ་ཙམ་བརྗོད་པ།
༄༅། རྒྱུ་གང་འདྲ་ཞིག་ལ་བརྟེན་ནས་སྐྱབས་སུ་འགྲོ་བ་ནི། དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། རང་ཉིད་ལྷག་པར་འཇིགས་པ་དང༌། དཀོན་མཆོག་སྐྱོབས་པའི་ནུས་ལྡན་དུ། ཤེས་ལས་བྱུང་བའི་སྐྱབས་འགྲོ་ལ། ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། ཅེས་གསུངས་པ་ལྟར་རང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལ་ཡིད་འཇིགས་པ་དང༌། དཀོན་མཆོག་ལ་རང་གིས་བློ་འགེལ་ནུས་ན། འཇིགས་པ་དེ་དག་ལས་སྐྱོབས་པའི་ནུས་མཐུ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པ་ གཉིས་ལ་བརྟེན་ནས་སྐྱབས་སུ་འགྲོ་དགོས་པ་ཡིན། རྒྱུ་དེ་གཉིས་མ་ཚང་ན་སྐྱབས་འགྲོ་རྣམ་དག་རྒྱུད་ལ་སྐྱེས་པར་དཀའ་སྟེ། སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པ་མེད་ན་སྐྱབས་འཚོལ་འདོད་ཀྱི་བློ་མི་སྐྱེ། སྐྱབས་ཡུལ་ལ་སྡུག་བསྔལ་སྐྱོབས་པའི་ནུས་པ་ཡོད་པར་ཡིད་ཆེས་མེད་ན་སྐྱབས་སུ་མི་བསྟེན་པ་ཡིན།


དཔེར་ན། མི་ཞིག་ལ་དཀའ་ངལ་ཆེན་པོ་ཞིག་བྱུང་ན་རང་གི་དཀའ་ངལ་དེ་དཀའ་ངལ་ཡིན་པ་ངོས་ཟིན་པའི་ཐོག་དེ་སེལ་བའི་ནུས་པ་ཡོད་མཁན་ཞིག་ལ་སྐྱབས་ཞུ་དགོས་པ་བཞིན། རང་ཉིད་ངན་སོང་དང་མི་ཁོམ་པའི་གནས་སུ་སྐྱེས་ན་སྡུག་བསྔལ་འདི་དང་འདི་འདྲ་འདུག་སྙམ་པའི་འཇིགས་སྐྲག་དང༌། དཀོན་མཆོག་གསུམ་ལ་དེ་ལས་སྐྱོབས་པའི་ནུས་པ་ཡོད་པར་མཐོང་བ་གཉིས་ནི་སྐྱོབས་སུ་འགྲོ་བའི་རྒྱུ་ཡིན་ལ། དེ་ཡང་རང་ཉིད་ངན་སོང་ལ་འཇིགས་པ་དང༌། འཁོར་བ་ལ་འཇིགས་པ་དང༌། གཞན་འཁོར་བར་མནར་བ་ལ་མི་བཟོད་པའི་སྙིང་བརྩེ་བ་གསུམ་རིམ་བཞིན་སྐྱེས་བུ་ཆུང་འབྲིང་ཆེན་པོ་སོ་སོའི་སྐྱབས་འགྲོའི་རྒྱུ་ཡིན་ནོ།


རྒྱུ་དེ་ལ་བརྟེན་ནས་ཡུལ་གང་ལ་སྐྱབས་སུ་འགྲོ་དགོས་སམ་ཞེ་ན། དེ་ཡོད་དེ། འཇིག་རྟེན་འདིའི་བྱ་བ་འཕྲལ་སེལ་ཙམ་གྱི་ཆེད་དུའང་འཇིག་རྟེན་པའི་ལྷ་ཚངས་པ་དང་གཞི་བདག་གནས་བདག་སོགས་ལ་སྐྱབས་སུ་འགྲོ་བ་དང༌། འཇིག་རྟེན་ལས་འདས་པའི་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་གཉིས་ཡོད། འཇིག་རྟེན་པའི་བྱ་བ་དང་བདེ་བ་སོགས་ཀྱི་ཆེད་དུ་སྐྱབས་ཡུལ་དེ་གཉིས་བསྟེན་པར་འོས་ཀྱང༌། སྔ་མས་མི་བསླུ་བའི་ངེས་པ་མེད་ལ། ཕྱི་མ་ནི་འཇིག་རྟེན་པའི་བདེ་བ་ཁོ་ནའི་ཆེད་དུ་སྐྱབས་སུ་བཟུང་ན་ཆེས་ཁྱབ་ཆུང་བར་འགྱུར་བ་སོགས་ཤེས་པར་གྱིས། འོ་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབས་པའི་སྐྱབས་ཡུལ་མཐར་ཐུག་ནི། སྐྱབས་འགྲོ་བདུན་ཅུ་བ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། ཐར་པ་འདོད་པ་རྣམས་ཀྱི་སྐྱབས། ཞེས་གསུངས་པ་བཞིན། སངས་རྒྱས་དཀོན་མཆོག་ཆོས་དཀོན་མཆོག་དགེ་འདུན་དཀོན་མཆོག་གསུན་ནི་འཁོར་བ་དང་ ངན་སོང་གི་གནས་ལས་ཐར་པར་འདོད་པ་ཀུན་གྱི་སྐྱབས་ཡུལ་མཐར་ཐུག་ཡིན་ནོ།


དེ་ཡང་མདོ་སྡེ་རྒྱན་ལས། འཚེ་བ་དང་ནི་ཐམས་ཅད་དང༌། འཇིགས་ཚོགས་ཐེག་པ་དམན་པ་དང༌། ཐབས་མ་ཡིན་དང་ངན་སོང་ལས། སྐྱོབས་ཕྱིར་སྐྱབས་ཀྱི་དམ་པ་ཡིན། ཞེས་གསུངས་པའི་ཕྱིར། སྐྱབས་ཡུལ་དེ་གསུམ་གྱི་མཚན་ཉིད་རིམ་པ་བཞིན་འགོད་ན། དང་པོ། འདུས་མ་བྱས་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱབས་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད། ཡོན་ཏན་བརྒྱད་ནི། རང་བཞིན་རྣམ་པར་དག་པའི་ཡོན་ཏན་ནི་བདེན་པར་མེད་པས་འདུས་མ་བྱས་པ་དང༌། གློ་བུར་རྣམ་དག་གི་ཡོན་ཏན་འབད་རྩོལ་ཞི་བས་ལྷུན་གྱིས་འགྲུབ་པ་དང༌། ཇི་ལྟ་བ་མཁྱེན་པའི་སོ་སོ་རང་རིག་པ་ནི་གཞན་གྱི་རྐྱེན་གྱིས་མི་རྟོགས་པ་དང༌། རང་དོན་ཆོས་སྐུ་སྟེ་བཞི་དང༌། ཇི་སྙེད་པ་རིག་པའི་མཁྱེན་པ་ཕུན་ཚོགས་དང༌། སྡུག་བསྔལ་སྤོང་ཕྱིར་སྟོན་པའི་བརྩེ་བ་ཕུན་ཚོགས་དང༌། ཉོན་མོངས་སྤོང་ཕྱིར་སྟོན་པའི་ནུས་པ་ཕུན་ཚོགས་དང༌། གཞན་དོན་གཟུགས་སྐུ་སྟེ་བཞི་བཅས་བརྒྱད་དོ། མཚན་གཞི་ནི་དོན་གཉིས་མཐར་ཕྱིན་པའི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུའོ།


གཉིས་པ། བསམ་མེད་གཉིས་མེད་སོགས་ཡོན་ཏན་བརྒྱད་དང་ལྡན་པའི་འཕཌ་རྒྱུད་ཀྱི་རྣམ་བྱང་ བདེན་པ་དེ། ཆོས་དཀོན་མཆོག་གི་མཚན་ཉིད། ཡོན་ཏན་བརྒྱད་ནི། སྒྲ་རྟོག་གིས་མཐའ་བཞིར་བསམ་དུ་མེད་པ། ལས་ཉོན་གཉིས་ཅི་རིགས་དང་བྲལ་ནས་མེད་པ་དང༌། བདེན་འཛིན་ནམ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་མེད་པ་དང༌། ཆགས་པ་དང་བྲལ་བ་སྟེ་འགོག་འདེན་གྱི་ཡོན་ཏན་བཞི་དང༌། ལམ་གྱི་ངོ་བོ་རང་གི་སྤང་བྱས་དག་པ་དང༌། ཇི་ལྟར་ཇི་སྙེད་མཁྱེན་པའི་གསལ་བའི་ཡོན་ཏན་དང༌། རང་གི་མི་མཐུན་ཕྱོགས་ཀྱི་གཉེན་པོའི་ཕྱོགས་བྱེད་པའི་ནུས་པ་དང༌། ཆགས་པ་དང་བྲལ་བའི་ཡོན་ཏན་དང་ལམ་བདེན་གྱི་བཞི་སྟེ་བརྒྱད་ཡིན། མཚན་གཞི་ནི། སྐྱོན་ཀུན་དང་བྲལ་བའི་བྲལ་ཆ་དང༌། སྐྱོན་ཀུན་དང་བྲལ་བའི་ལམ་དེ་ཡིན། གསུང་རབ་ཡན་ལག་བཅུ་གཉིས་སོགས་གླེགས་བམ་རྣམས་བརྡས་བཏགས་པའི་ཆོས་དཀོན་མཆོག་ཡིན་ནོ། གསུམ་པ། རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་ཐེག་ཆེན་འཕགས་པ་དེ། དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཡིན། ཡོན་ཏན་བརྒྱད་ནི། ཇི་ལྟ་བ་རིག་པ་དང༌། ཇི་སྙེད་པ་རིག་པ་དང༌། དེ་ལྟར་རྟོགས་པའི་སོ་སོར་རང་རང་རིག་པ་དང༌། རིག་པའི་ཡོན་ཏན་བཞི་དང༌། ཆགས་སྒྲིབ་ལས་གྲོལ་བ་དང༌། ཐོགས་སྒྲིབ་ལས་གྲོལ་བ་དང༌། དམན་སྒྲིབ་ལས་གྲོལ་བ་དང༌། གྲོལ་བའི་ཡོན་ཏན་དང་བཞི་སྟེ་བརྒྱད་པོ་དེ་ཡིན། མཚན་གཞི་ནི།ཡོན་ཏན་དེ་དག་བརྒྱད་པོ་ལྡན་པའམ་གང་རུང་ལྡན་པའི་སློབ་བ་འཕགས་པ་རྣམས་དང༌། དགེ་སློང་བཞི་བཅས་ཡིན། སྡུག་བསྔལ་སྣ་གཅིག་ལས་ཐར་བར་བྱེད་པ་ལ་སྐྱབས་ཡུལ་དཀོན་མཆོག་གསུམ་ག་ཚང་མི་དགོས་ཀྱང༌། སྡུག་བསྔལ་མཐའ་དག་ལས་སྐྱོབས་པ་ལ་གསུམ་ག་ཚང་དགོས་པས་སོ།དཔེར་ན། ན་ཚ་ཆེན་པོས་ཟིན་པའི་ནད་པ་ཞིག་ནད་ལས་ཐར་བར་བྱེད་པ་ལ་སྨན་པ་དང༌། སྨན་དང༌། ནད་གཡོག་གསུམ་ཚང་དགོས་པ་བཞིན་ནོ།


རང་རེ་རྣམས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་དུག་གསུམ་སོགས་ཀྱི་ན་ཚ་དྲག་ པོས་བཏབ་པར་བརྟེན། འཁོར་བ་དང་ངན་སོང་གི་བཟོད་པར་དཀའ་བའི་སྡུག་བསྔལ་དང༌། སྲིད་ཞིའི་འཇིགས་པ་ཆེན་པོར་གནས་པ་འདི་ལས་ཐར་བར་བྱེད་པ་ལ་གྲོལ་བྱེད་ཀྱི་ལམ་ སྟོན་མཁན་སྨན་པ་ལྟ་བུའི་སངས་རྒྱས་དཀོན་མཆོག་དང༌། ནད་ཀྱི་གཉེན་པོ་སྨན་ལྟ་བུའི་ཆོས་དཀོན་མཆོག་ནད་གཡོགས་ལྟ་བུའམ་ཆོས་སྒྲུབ་པའི་ཟླ་གྲོགས་ལྟ་བུའི་དགེ་འདུན་དཀོན་མཆོག་རྣམས་ངེས་པར་ཚང་དགོས་པ་ཡིན། དེས་ན་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་མཐར་ཐུག་ནི་དཀོན་མཆོག་གསུམ་ཁོ་ནའོ། དེ་དག་སྐྱབས་སུ་འོས་པའི་རྒྱུ་མཚན་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རང་ཉིད་འཇིགས་ཚོགས་མཐའ་དག་ལས་གྲོལ་ཏེ། གཞན་གྲོལ་བར་བྱེད་པའི་དོན་ཤ་སྟག་སྒྲུབ་པས་སྐྱབས་སུ་འོས་པ་དང༌། གདུལ་བྱའི་ཁམས་དང་མོས་པ་ཇི་བཞིན་ཆོས་གསུངས་པ་སོགས་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཐར་པ་ལ་ཁྲིད་མཁས་ཤིང་ཁྲིད་ཐུབ་པ་ཡིན་པས་ཀྱང་སྐྱབས་ཡུལ་དུ་འོས་པ་ཡིན། དེར་མ་ཟད་སངས་རྒྱས་རྣམས་དང་དེ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་བཏགས་ཀྱང་རུང་མ་བཏགས་ཀྱང་རུང་དགྲ་གཉེན་གྱི་དབྱེ་འབྱེད་མེད་པར་འགྲོ་བ་ཀུན་ལ་བྱ་གཅིག་ ལྟར་བརྩེ་བས་སྐྱོང་ཞིང་རྣམ་པ་ཀུན་དུ་སྐྱོབས་པས་ཀྱང་སྐྱབས་ཡུལ་དུ་འོས་པ་ཡིན་ནོ།


སྐྱབས་སུ་འགྲོ་བའི་ཚུལ། སྤྱིར་བཏང་སྐྱབས་སུ་འགྲོ་བའི་ཚུལ་ལ་དུ་མ་ཞིག་ཡོད་ཅིང༌། འདིར་གཙོ་བོ་ཡོན་ཏན་ཤེས་ཤིང་དང་བའི་དད་པའི་སྒོ་ནས་སྐྱབས་སུ་འགྲོ་བ་ཡིན། དེ་ཡང་མཆོག་གསུམ་སོ་སོའི་ཡོན་ཏན་ཤེས་པར་བྱེད་པ་ལས། དང་པོ་སངས་རྒྱས་ཀྱི་ཡོན་ཏན་ལ་སྐུ་གསུང་ཐུགས་དང༌། འཕྲིན་ལས་ཀྱི་ཡོན་ཏན་བཞི་ལས། དང་པོ་སྐུ་ལ་ཡང་ལོངས་སྐུ་དང༌། ཆོས་སྐུ། ངོ་བོ་ཉིད་སྐུ། སྤྲུལ་སྐུ་བཅས་བཞི་ཡོད་པའི་དང་པོ་ནི། མངོན་རྟོགས་རྒྱན་ལས། མཚན་ནི་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། ཅེས་གསུངས་པས་སྐུ་བཞིའི་ནང་གི་གནས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན་ བཞུགས་པའི་ངེས་པ་ལྔ་ལྡན་གྱི་ལོངས་སྐུ་དེ་ཉིད་བསྟན་ཞིང༌། དེ་བཞིན་དུ་འགྲེལ་ཆུང་དོན་གསལ་ལས་ཀྱང༌། མཚན་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་ཞུགས་པ་རྣམས་དང༌། ཐབས་གཅིག་ཏུ་ཐེག་པ་ཆེན་པོའི་ཆོས་ཀྱི་དགའ་བ་དང་བདེ་བ་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པ་ཉེ་བར་སྤྱོད་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། ཞེས་གསུངས་པ་བཞིན། སོ་སྐྱེ་ཡིན་པའི་སྐབས་དང་སེམས་ཅན་ཡིན་པའི་སྐབས་སུ་རང་གི་དྲིན་ཅན་བླ་མ་རྣམ་པར་གུས་པ་ཆེན་པོས་སྐྱེལ་བ་དང༌། ཚུར་བསུ་བ་སོགས་བྱས་པ་ལས་ཕྱག་དང་ཞབས་ལ་འཁོར་ལོའི་མཚན་སྟེ་རི་མོ་འགྲུབ་པ་ཡིན།


ཡང་སོ་སྐྱེས་ཀྱི་གནས་སྐབས་སུ་མི་དགེ་བཅུ་སྤོང་གི་སྡོམ་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང༌། གསང་སྔགས་ཀྱི་སྡོམ་པ། སོ་ཐར་གྱི་སྡོམ་པ་སོགས་ཡང་དག་པར་བླངས་པ་ལ་བརྟེན་པ་ཉིད་ཀྱིས་རུས་སྦལ་བཞིན་ ཏུ་ཞབས་ཤིན་ཏུ་གནས་པར་འགྱུར་བ་དང༌། མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་བཅས་བསྡུ་བའི་དངོས་པོ་བཞིན་ཡང་དག་པར་བསྟེན་པས་ཕྱག་དང་སོར་མོ་ངང་ པའི་རྒྱལ་པོ་ལྟར་དྲ་བས་འབྲེལ་བ་ཉིད་དང་ །་བཟའ་བ་དང་བཅའ་བ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། སྲོག་གཅོད་སྤངས་པས་སྐུ་གཟུགས་ཆེ་ཞིང་དྲོང་པ་དང༌། དགེ་བ་ཡང་དག་པར་སྤེལ་བས་སྐུའི་བ་སྤུ་གྱེན་དུ་ཕྱོགས་པ་དང༌། དུས་རྟག་ཏུ་གཞན་ལ་ཚིག་གིས་ཁྱད་གསོད་མ་བྱས་པས་དབུ་གཙུག་ཐོར་དང་ལྡན་པ་དང༌། སེམས་ཅན་ཀུན་ལ་དམ་པའི་ཆོས་གོ་བར་བྱས་པས་གསུང་ཚངས་པའི་དབྱངས་ལྟར་གྱུར་བ་སོགས་སངས་རྒྱས་ཀྱི་སྐུའི་ཡོན་ཏན་ཐམས་ཅད་འགྲུབ་བྱེད་ཀྱི་རྒྱུ་ཐམས་ཅད་སློབ་པ་དང་མི་སློབ་པའི་དུས་ནས་བསགས་པ་ཡིན།


སངས་རྒྱས་ཀྱི་སྐུའི་བ་སྤུ་གཅིག་གིས་ཀྱང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང༌། འཕྲིན་ལས་ཀྱི་མཛད་པ་མཛད་ནས་འཛམ་གླིང་བྱེ་བ་ཕྲག་བརྒྱའི་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་བྱས་ཏེ་འགྲོ་དོན་ལྷུན་འགྲུབ་ཏུ་མཛད་པའི་ནུས་པ་དོན་གྱི་ལྡན་ན་སངས་རྒྱས་ཀྱི་སྐུ་དངོས་ཏེ་ལོངས་སྐུ་དང༌། ཆོས་སྐུ། སྤྲུལ་སྐུ་བཅས་ལྟ་ཅི། དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་སོགས་སྐུའི་ཡོན་ཏན་ནི་འདི་དང་འདི་ཞེས་ཚད་བཟུང་སུས་ཀྱང་དཀའ་བར་འདུག་ན་གུས་པ་ལྟ་བུས་དེ་ལས་ཀྱང་མི་ནུས་སོ། མདོ་ལས། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། སྐུ་ཡིས་ཀྱང་ནི་དེ་ལྟར་ཁྱབ། ཅེས་གསུངས་པ་ལྟར། སངས་རྒྱས་ཀྱི་ཐུཌ་ཡེ་ཤེས་ཀྱིས་གང་ལ་ཁྱབ་པ་ན་སྐུ་ཡིས་ཀྱང་དེ་ལྟར་ཁྱབ་ཅིང༌། ལོངས་སྐུའི་ཞིང་ལས་མ་གཡོས་པར་སྤྲུལ་པ་་བརྒྱ་སྟོང༌། ཁྲི་ཁྲག་བྱེ་བ་མང་པོ་དུས་གཅིག་ལ་སྤྲུལ་ཏེ་ཞིང་ཁམས་བྱེ་བ་ཕྲག་བརྒྱ་ལ་བསྐྱོད་ནས་གཞན་དོན་མཛད་པའི་ཡོན་ཏན་མཐའ་ཡས་སོ། འོན་ཀྱང་འདིར་ཅུང་ཟད་ཅིག་གླེང་བ་ནི་ཐོས་པ་དང་ཀློག་པ་ཙམ་གྱིས་བག་ཆགས་འཇོག་པ་དང་ཕན་ཡོན་འབྱུང་བའི་ཆེད་དུའོ།


གཉིས་པ་གསུང་གི་ཡོན་ཏན་ནི། རྒྱུད་ལས། གསུང་གཅིག་ཉིད་དུ་གསུང་གྱུར་ཀྱང༌། དུ་མ་ཉིད་དུ་སོ་སོར་སྣང༌། ཞེས་གསུངས་པ་བཞིན། འགྲོ་བ་སྣ་ཚོགས་པས་དྲི་བ་སྣ་ཚོགས་དུས་གཅིག་ཏུ་ཞུས་ཀྱང༌། དེ་བཞིན་གཤེགས་པའི་གསུང་གཅིག་གིས་འགྲོ་བ་སོ་སོའི་སྐད་དུ། སོ་སོའི་དབང་བོ་དང་འཚམས་པར་དྲི་བ་ཐམས་ཅད་ཀྱི་ལན་དུས་གཅིག་ཏུ་མཛད་པར་ནུས་ཤིང༌། འདི་ནི་རང་གི་ལུས་ངག་ཡིད་གསུམ་གྱི་ཉེས་པ་མེད་པར་དྲང་བོར་བསྲངས་ཏེ་མཐའ་ཡས་པའི་འགྲོ་བ་རྣམས་ཉེས་པ་མ་སྙོམས་པ་སྙོམས་པར་བྱེད་པའི་དྲང་སྲོང་གི་ལུགས་ཞེས་ཀྱང་བྱའོ། དེ་ཡང་སྔོན་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་གང་ཉིད་ཀྱིས་འཛམ་གླིང་འདིར་དམ་པའི་ཆོས་གསུང་སྐབས་གསུང་དབྱངས་གཅིག་གིས་གསུངས་ཡང་འགྲོ་བ་ལྷ་དང༌། མི་དང༌། ལྷ་མ་ཡིན་དང་དྲི་ཟ་དང་བཅས་འགྲོ་བ་རང་རང་སོ་སོའི་སྐད་དུ་གོ་བ་དང༌། ཡུམ་རྒྱས་འབྲིང་བསྡུས་གསུམ་ཡང་གདུལ་བྱའི་དབང་བོ་རྣོ་རྟུལ་རབ་འབྲིང་གི་དབང་ གིས་དུས་གཅིག་ཏུ་གསུངས་པའི་ནུས་པ་དང་ལྡན་པ་སོགས་གསུང་དབྱངས་ཡན་ལག་དྲུག་ཅུའི་ཡོན་ཏན་མཐའ་ཡས་སོ།


གསུམ་པ་ཐུགས་ཀྱི་ཡོན་ཏན་ནི། མཁྱེན་པ་དང་བརྩེ་བའི་ཡོན་ཏན་གཉིས་ལས། མཁྱེན་པའི་ཡོན་ཏན་ནི། ཇི་ལྟ་བ་ལ་མཉམ་པར་བཞག་བཞིན་དུ་ཇི་སྙེད་པའི་ཆོས་ཐམས་ཅད་ལག་མཐིལ་དུ་རྐུ་རུ་ར་བཞག་པ་བཞིན་མཁྱེན་ཅིང་གཟིགས་པ་ཡིན། འགྲོ་བ་སེམས་ཅན་ཐམས་ཀྱི་བསམ་པ་དང་མོས་པ་ཇི་བཞིན་གཟིགས་ཤིང༌། བདེ་སྡུག་གི་སྤུ་རིས་ལེགས་པར་འབྱེད་པའི་མཁྱེན་པའི་ཡོན་ཏན་དང༌། དེ་ཡང་སྐད་ཅིག་མའི་རྒྱུན་མཐུད་ནས་རྟོགས་པ་མ་ཡིན་པར་སྐད་ཅིག་གཅིག་གི་ཡུན་ལ་རྟོགས་པའི་ཡོན་ཏན་སོགས་ཡོད་ལ། ཐུགས་ཀྱི་ཡོན་ཏན་ལེགས་པར་ཤེས་པར་འདོད་པ་དག་གི་ཕ་རོལ་ཏུ་ཕྱིན་པའི་གཞུང་ཆེན་ཁག་ཏུ་ཟག་མེད་ཡེ་ཤེས་སྡེ་ཚན་ཉེར་གཅིག་གི་ཡོན་ཏན་དང་རང་བཞིན། བྱེད་ལས། ཐོབ་ཚུལ་སོགས་ཞིབ་ཏུ་གསལ་པས་དེར་གཟིགས་པར་འཚལ། མདོར་ན་ཇི་ལྟ་ཇི་སྙེད་པའི་ཆོས་ཐམས་ཅད་སྐད་ཅིག་གཅིག་ལ་ཅིག་ཆར་རེས་འཇོག་མེད་པར་གཟིགས་པའི་མཁྱེན་པའི་ཡོན་ཏན་དང་ལྡན་པའོ།


གཉིས་པ་བརྩེ་བའི་ཡོན་ཏན་ནི། བདེན་པའི་ལེའུ་ལས། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། སེམས་ནི་སྒྲིབ་པར་གྱུར་པའི་སྐྱེ་དགུ་དང༌། འཁོར་བའི་བཙོན་རར་ཆུད་པ་རྣམས་གཟིགས་ན། དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེ། ཞེས་གསུངས་པ་བཞིན། སངས་རྒྱས་ཀྱི་ཐུགས་བརྩེ་བ་ཆེན་པོས་སེམས་ཅན་འཁོར་བ་དང་ངན་སོང་གི་བཙོན་རར་ཚུད་པ་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་གཟིགས་ཤིང་རྗེས་སུ་འཛིན་པར་བྱེད་པའི་ཡོན་ཏན་དང༌། སེམས་ཅན་གྱིན་དོན་དུ་ཐུགས་བརྩེ་བ་ཆེན་པོས་ཀུན་ནས་བསླངས་ཏེ་བསམ་བཞིན་དམྱལ་བ་དང་ཡི་དྭགས་སོགས་ཀྱི་སྐྱེ་བ་བླངས་ནས་གཞན་དོན་མཛད་པའི་ཡོན་ཏན་སོགས་མཐའ་ཡས་སོ།


བཞི་བ། འཕྲིན་ལས་ཀྱི་ཡོན་ཏན་ནི། སངས་རྒྱས་ཀྱི་མཚན་བཟང་པོ་མཐོང་ནས་དེ་ཐོབ་པའི་རྒྱུ་གསོག་པ་ནི་སྐུའི་འཕྲིན་ལས། གསུང་རབ་ཡན་ལག་བཅུ་གཉིས་སོགས་ཀྱི་མཚན་ཐོས་པ་ཙམ་གྱིས་དེའི་དོན་ལ་ཐོས་བསམ་བྱ་བར་འདོད་པས་དེའི་རྒྱུ་བསགས་པ་ནི་གསུང་གི་འཕྲིན་ལས། སྤྲིན་ལས་ཆར་འབབ་པའི་ལོ་ཏོག་འབྲུ་རིགས་རྣམས་བསྐྲུན་པར་བྱེད་པ་ལྟར། གདུལ་བྱའི་ཚོགས་ལ་ཆོས་གསུངས་པས་གདུལ་བྱའི་རྒྱུད་ལ་དགེ་བའི་སེམས་སྐྱེ་བར་བྱེད་པ་སོགས་ནི་ཐུགས་ཀྱི་འཕྲིན་ལས་དང༌། སྐུ་གསུང་ཐུགས་ཀྱིས་རྫུ་འཕྲུལ་བསྟན་ནས་གདུལ་བྱའི་སྒོ་གསུམ་འདུལ་བ་དང༌། ཞི་དྲག་ཅི་རིགས་ཀྱི་ཐབས་སྣ་ཚོགས་ཀྱི་སྒོ་ནས་གདུལ་བྱའི་རྒྱུད་ཀྱི་ལོག་འཛིན་འཇོམས་པར་བྱེད་པ་སོགས་འཕྲིན་ལས་མཐའ་ཡས་ས།


གཉིས་པ། ཆོས་དཀོན་མཆོག་གི་ཡོན་ཏན་ནི། ཐེག་པ་ཆེ་ཆུང་གི་ལམ་ལྔ་གསུམ་བཅོ་ལྔ་དང༌། ལམ་དེ་དག་གི་ངོས་སྐལ་གྱི་སྤང་བྱ་སྤངས་པའི་འགོག་བདེན་ནི་ཆོས་དཀོན་མཆོག་ཡིན་ལ། དེ་དག་ལ་བརྟེན་ལས་ས་བཅུ་མཐར་ཕྱིན་པ་དང༌། སངས་རྒྱས་ཀྱི་གོ་འཕང་བསྙེས་པ་དེ་ཆོས་དཀོན་མཆོག་གི་ཡོན་ཏན། མདོར་ན་གསུང་རབ་ཡན་ལག་བཅུ་གཉིས་སམ་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་ཏེ་མངོན་མཐོ་དང་ངེས་ ལེགས་ཐོབ་པ་ནི་ཆོས་དཀོན་མཆོག་གི་ཡོན་ཏན་ཡིན་ནོ།


གསུམ་པ། དགེ་འདུན་དཀོན་མཆོག་གི་ཡོན་ཏན་ནི། འཁོར་བ་དང་སྲིད་པ་ལ་ཡིད་འབྱུང་སྐྱེས་ནས་ཚོགས་ལམ་དུ་ཞུགས་པ་སྟེ་བྱང་ཆུབ་ཀྱི་ ཚོགས་བཅུ་གསུམ་སྤེལ་བ་དང་བྱང་ཆུབ་ཀྱི་ཕྱོགས་དང་པོ་གསུམ་ཐོབ་པ་དང༌། གཞན་དོན་དུ་སྤྲུལ་བ་དང་མངོན་ཤེས་འབྱུང་བ་སོགས་དང༌། སྦྱོར་ལམ་པའི་སྐབས་སུ་ཕྱིར་མི་ལྡོག་པའི་རྟགས་ཞེ་བཞི་གང་རུང་ཐོབ་པ་དང༌། བདེན་བཞི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་དོན་སྤྱིའི་ཚུལ་དུ་རྟོགས་པ་དང༌། མཐོང་ལམ་པས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་དང༌། སྒོམ་ལམ་པས་སྒོམ་སྤང་བརྒྱད་ཅུ་གྱ་གཅིག་རིམ་གྱིས་སྤོང་པར་བྱེད་པ་སོགས་མཐའ་ཡས་པས་འདིར་ཆ་ཚང་བརྗོད་དཀའོ།


དེ་བཞིན་བྱང་ཆུབ་སེམས་དཔའ་ས་དང་པོ་ནས་ལུས་བརྒྱ་ཕྲག་སྤྲུལ་བ་དང༌། ལུས་རེ་རེ་ལ་བྱང་ཆུབ་སེམས་དཔའ་བརྒྱ་ཕྲག་རེ་བསྐོར་བ། བསྐལ་བ་བརྒྱ་གཟིགས་པ། འཇིག་རྟེན་གྱི་ཁམས་བརྒྱ་གཡོ་བ། ཏིང་ངེ་འཛིན་བརྒྱ་ཡི་སྒོ་འབྱེད་པ། སེམས་ཅན་བརྒྱ་ཕྲག་སྨིན་པར་བྱེད་པ། བསྐལ་བ་བརྒྱར་གནས་པ་རྣམས་སྐད་ཅིག་རེ་ལ་འགྱུར་བའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ ཐོབ་པ་དང༌། དེ་བཞིན་ས་གཉིས་པ་ལ་སྟོང་ཕྲག་བཅུ་གཉིས། ས་གསུམ་པ་ལ་འབུམ་ཕྲག་ས་བཞི་པ་ལ་བྱེ་བ་ཕྲག་བརྒྱ། ས་ལྔ་པ་ལ་བྱེ་བ་སྟོང་ཕྲག །ས་དྲུག་པ་ལ་བྱེ་བ་འབུམ་ཕྲག།ས་བདུན་པ་ལ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག །བརྒྱད་པར་སྟོང་གསུམ་འབུམ་ཕྲག་གཅིག་གི་རྡུལ་གྲངས། ས་དགུ་བར་སྟོང་གསུམ་གྲངས་མེད་འབུམ་ཕྲག་བཅུའི་རྡུལ་གྲངས། ས་བཅུ་བར་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་སྟོང་གསུམ་གྱི་རྡུལ་གྲངས་ དང་མཉམ་པའི་ཡོན་ཏན་བཅས་ཡོད་དོ།


སྐྱབས་ཡུལ་འདི་དག་གི་ཡོན་ཏན་ནི་ཕལ་ཆེར་སྐྱབས་ཡུལ་ངོས་བཟུང་བའི་སྐབས་སུ་ཡང་མདོར་ཙམ་རེ་བཤད་ཟིན། དེ་ལྟ་བུའི་མཆོག་གསུམ་གྱི་ཡོན་ཏན་ཤེས་པའི་སྒོ་ནས་རང་གི་རྒྱུད་ལ་དེ་དག་འཐོབ་ པར་བྱ་བའི་ཕྱིར་དེའི་ཕྱོགས་ལ་སྤྲོ་བ་སྐྱེད་དེ་དེའི་རྒྱུ་འཚོལ་ཞིང་ཐབས་ལ་ འབད་པར་བྱེད་པ་དང༌། སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྡེ་སྣོད་གསུམ་ལ་ཐོས་བསམ་སྒོམ་པ་ཚུལ་ བཞིན་བྱེད་པར་འདོད་པ་དང༌། སྐྱབས་གནས་དེ་དག་གི་ཡོན་ཏན་དྲན་ཞིང་རང་རྒྱུད་ལ་སྐྱབས་ཡུལ་དེ་དག་གི་ཡོན་ཏན་རྣམས་འཐོབ་པར་འདོད་པའི་མངོན་འདོད་ཀྱི་དད་པ་ལྡོག་ཏུ་མེད་པ་སྐྱེས་པ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡིན།


དེར་མ་ཟད་སྐྱབས་འགྲོ་རྒྱུད་ལ་ལྡན་པའང་ཡིན། ལྡོག་ཏུ་མེད་ཅེས་པས་སངས་རྒྱས་བཅོམ་ལྡན་འདས་ཏེ་སྟོན་པ་ཤཱཀྱ་ཐུབ་པ་དང་དེའི་རྗེས་འཇུག་རྣམས་ལས་གཞན་གྱིན་སྟོན་པ་དང་དེའི་རྗེས་འཇུག་དང༌། དེ་ཡི་བསྟན་བཅོས་རྣམས་ལ་ཇི་སྲིད་འཚོ་བའི་བར་དུ་ཡིད་མི་བརྟོན་པའི་དམ་བཅའ་བརྟན་པོ་ཡོད་པ་ལ་ཟེར། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་ལ་དེ་འདྲའི་སེམས་ཐག་གཙང་བཅད་ཅིག་ངེར་པར་ཡོད་དགོས། དེ་ལྟ་བུའི་སེམས་ཐག་མ་ཆོད་བར་དུ་ནང་པ་སངས་རྒྱས་པའི་གྲལ་དུ་ཡག་པོ་ཞིག་ཚུད་མེད་པ་རེད། དེས་ན་ནང་པ་སངས་རྒྱས་པའི་བསྟན་པ་ལ་ཞུགས་ཀྱང་གཞུང་ལུགས་རྒྱ་མཚོའི་ཕ་མཐར་སོན་པ་ལ་བརྩོན་འགྲུས་ཀྱི་གྲུ་གཟིངས་དང༌། ཤེས་རབ་ཀྱི་བསྲུབས་ཤིང་མེད་པ་དག་གིས་མ་མཐའ་སྐྱབས་སུ་འགྲོ་བའི་རྒྱུ་དང༌། སྐྱབས་ཡུལ། སྐྱབས་ཡུལ་གྱི་ཡོན་ཏན་སོགས་ལེགས་པར་ཤེས་པ་བྱུང་ན་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་ཞེས་མགྲིན་པ་ཅུང་ཟད་བཏེགས་ཆོག་པ་ཡིན་ཏེ། ནང་པ་ཡིན་མིན་ནི་སྐྱབས་འགྲོའི་སྒོ་ནས་འབྱེད་པ་ཡིན་པའི་ཕྱིར་རོ།


སྐྱབས་སུ་སོང་བའི་ཕན་ཡོན་ནི། སྐྱབས་སུ་སོང་བའི་ཕན་ཡོན་ལ་དུ་མ་ཞིག་ཡོད་ཀྱང་འདིར་བློས་ལྕོགས་ཙམ་ཞིག་འབྲི་ན། ནང་པ་སངས་རྒྱས་པར་ཚུད་པ་དང༌། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ། སྔོན་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་འཛད་པར་འགྱུར་བ། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བདེ་བླག་ཏུ་གསོག་པ། མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས་པ། ངན་སོང་དུ་མི་ལྟུང་བ། གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པ། མྱུར་ཏུ་འཚང་རྒྱ་བ་སོགས་ཀྱི་ཕན་ཡོན་ཡོད་པས། སྐྱབས་འགྲོ་ཞེས་པའི་ཚིག་འདིའི་དོན་ངེས་པའི་སྒོ་ནས་སྐྱབས་འགྲོའི་དམིགས་རྣམ་སྐྱོང་བཞིན་སྐྱབས་འགྲོ་གྲངས་གསོག་བྱས་ན་ཕན་ཡོན་ཆེ་ཞིང་གནད་དུ་སྨིན་པར་འོང་བ་ཡིན། སྐྱབས་འགྲོ་ནི་སྡོམ་པ་ཐམས་ཅད་ཀྱི་རྟེན་ཡིན་པས་སྐྱབས་འགྲོ་མེད་ན་བྱང་སེམས་ཀྱི་སྡོམ་པ་དང༌། གསང་སྔགས་ཀྱི་སྡོམ་པ་དང༌། སོ་ཐར་གྱི་སྡོམ་པ་གང་ཡང་སྐྱེ་མི་ཐུབ་པ་ཡིན། དཔེར་ན། ས་གཞི་ནི་རྩི་ཤིང་ནགས་ཚལ་སོགས་སྐྱེ་བའི་རྟེན་ཡིན་པ་ལྟར་རོ།


སྐྱབས་འགྲོ་རྣམ་དག་ཅིག་རྒྱུད་ལ་སྐྱེས་ཚེ་མཚམས་མེད་ཀྱི་ལས་ངན་པ་དང༌། ལས་ཚབས་ཆེན་གང་འདྲ་ཞིག་བསགས་ཀྱང་ལས་སྒྲིབ་ངན་པ་ཐམས་ཅད་སྐྱབས་འགྲོའི་མཐུ་ལས་ བྱང་ཞིང་འདག་པར་འགྱུར་བ་ཡིན། དཔེར་ན། མ་སྐྱེས་དགྲས་རང་གི་ཕ་དགྲ་བཅོམ་པ་གཟུགས་ཅན་སྙིང་བོ་བགྲོངས་པའི་མཚམས་མེད་ ཀྱི་ལས་དེ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོང་བས་བྱང་བ་ཡིན་ནོ།


འོན་ཀྱང་ལས་བྱས་པ་ཆུད་མི་འཛའ་བ་ཡིན་པས་མ་སྐྱེས་དགྲ་དམྱལ་བར་དར་གྱི་ཕོ་ལོང་བརྡབ་པ་ཙམ་དུ་སྐྱེས་པ་ཡིན་ཞེས་གསུངས། དེ་ཡང་ཇི་སྐད་དུ། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། ཁམས་གསུམ་འདི་ཡང་སྣོད་དུ་ཆུང༌། ཞེས་གསུངས་པ་ལྟར། སྐྱབས་འགྲོ་བྱས་པའི་ཕན་ཡོན་དང་བསོད་ནམས་ནི་ཁམས་གསུམ་གྱི་སྣོད་ཐམས་ཅད་ལས་ལྡབ་ཀྱིས་ཆེ་ཞིང་དཔག་མི་ནུས་པ་ཡིན་ནོ། དེས་ན་ཆོས་ཀྱི་གནད་དོན་ངོ་མ་དེ་སྐྱབས་འགྲོ་ཡིན་པས་སྐྱབས་སུ་འགྲོ་ཚུལ་དང་སྐྱབས་འགྲོ་ཤེས་ན་དམ་པའི་ཆོས་ཀྱི་གནད་དོན་ཤེས་པ་ཡིན།


མཉམ་མེད་ཇོ་བོ་ཆེན་པོ་བོད་དུ་ཞལ་བཞུགས་རིང་ཕལ་ཆེར་སྐྱབས་འགྲོའི་ཁྲིད་དང་ལས་འབྲས་འབའ་ཞིག་གསུངས་པས་ལ་ལས་བླ་མ་སྐྱབས་འགྲོ་བ་དང༌། ལ་ལས་བླ་མ་ལས་འབྲས་པ་ཞེས་མཚན་ལ་ཐོགས་པར་གྲགས། ཁོང་གིས་དེ་ལྟར་གསུངས་པ་ལ་གནད་ཆེན་པོ་ཞིག་ཡོད་པར་ངེས། དེང་སངས་སྐྱབས་འགྲོའི་ཚིག་ཙམ་ངག་ལ་བཟུང་ནས་སྐྱབས་འགྲོ་ཤེས་པར་རློམས་ཏེ་སྐྱབས་འགྲོ་མ་གཏོགས་མི་ཤེས་ཞེས་སྐྱབས་འགྲོ་ལ་མཐོང་ཆུང་བྱེད་མཁན་འདུག །དེས་ནི་སྐྱབས་འགྲོའི་གོ་དོན་མ་ཤེས་པར་ནོངས་པ་ཞིག་རེད། སྐྱབས་འགྲོའི་གོ་དོན་ཕྲན་བུ་ཞིག་ཤེས་ན་ཕྱོགས་བཅུ་དུས་གསུམ་ནས་དགེ་འདུན་ལ་ སྐྱབས་སུ་མཆིའོ་ཞེས་བའི་དོན་ལ་དམིགས་རྣམ་བསྐྱངས་ན་སྐྱབས་འགྲོའི་ཚིག་ཉུང་ཉུང་དེས་དོན་ཆེན་པོ་ཞིག་འགྲུབ་པར་འགྱུར་བའི་ནུས་པ་དང་ལྡན་པའི་ཆོས་ཀྱི་སྡོམ་ཚིག་ཆེན་པོ་ཞིག་གོ །རང་རེ་བོད་མི་སྤྱི་ཡོངས་ལ་ཕ་མེས་ནས་ནང་པ་ཡིན་ན་རང་ཉིད་ཀྱང་ནང་བ་ཡིན་ཤག་བྱས་ནས་སྡོད་པ་ཙམ་ལས་ནང་པའི་སྒོར་འཇུག་པའི་ཆེད་དུ་ཐོག་མར་སྐྱབས་འགྲོ་ལ་སློབ་སྦྱོང་གནང་སྲོལ་མེད་པས་ནང་པ་ཡིན་ཟེར་མཁན་ཚང་མ་སྐྱབས་འགྲོ་རྒྱུད་ལྡན་ཡིན་པའི་ངེས་པ་མེད། དེ་ཙམ་གྱིས་སྐྱབས་གསུམ་གྱི་ཡོན་ཏན་དང་ནང་པའི་རིན་ཐང་ཤེས་མི་ཐུབ། དེའི་ཕྱིར་ནང་པའི་གྲལ་དུ་སྡོད་པ་ལ་སྐྱབས་འགྲོའི་རྣམ་བཞག་ལ་ངེས་པར་སློབ་དགོས་པ་ཡིན་ནོ།


གཉིས་པ་རྒྱུ་སྐྱབས་དང༌། འབྲས་སྐྱབས་གཉིས་མདོར་ཙམ་བཤད་པ་ལ། དང་པོ། རྒྱུ་སྐྱབས་ནི། དོན་གཉིས་ཏེ་རང་དོན་དང་གཞན་དོན་མཐར་ཕྱིན་པའི་སྟོན་པ་ཤཱཀྱ་ཐུབ་པ་དང༌། རྗེ་བཙུན་བྱམས་པ། རྗེ་བཙུན་འཇམ་པའི་དབྱངས་སོགས་མངོན་པར་རྫོགས་པའི་སངས་རྒྱས་རྣམས་ནི་ང་ཚོའི་རྒྱུ་སྐྱབས་སུ་གྱུར་བའི་སངས་རྒྱས་དཀོན་ཆོག་དང༌། ད་ལྟ་ལམ་དུ་ཞུགས་ཟིན་པ་ཡན་གྱི་གང་ཟག་གི་རྒྱུད་ཀྱི་ཐེག་པ་ཆེ་ཆུང་ཀུན་གྱི་ལམ་རྣམས་དང༌། ལམ་དེ་དག་གི་ངོས་སྐལ་གྱི་སྤང་བྱ་སྤངས་པའི་སྤང་པ་འགོག་བདེན་དང༌། སྡེ་སྣོད་གསུམ་དང༌། དེ་ཡི་སྙིང་དོན་ལམ་རིམ་ལྟ་བུ་ང་ཚོའི་རྒྱུ་སྐྱབས་སུ་གྱུར་བའི་ཆོས་དཀོན་མཆོག་ཡིན། ད་ལྟ་ལམ་དུ་ཞུགས་ཟིན་པའི་ཉན་ཐོས་ཚོགས་ལམ་པ་ཡན་གྱི་སློབ་པ་དང་མི་སློབ་པའི་གང་ཟག་དང༌། བཅོས་ལྡན་གྱི་དགེ་སློང་བཞི་སྡེ་ཡན་ནི་ང་ཚོའི་རྒྱུ་སྐྱབས་སུ་དགེ་འདུན་དཀོན་མཆོག་ཡིན། གོང་གི་རྒྱུ་སྐྱབས་དེ་ལ་བརྟེན་ནས་རང་ཉིད་ཀྱི་རྒྱུད་ལ་ནམ་ཞིག་གི་ཚེ་ཐེག་པ་གསུམ་པོ་གང་རུང་གི་ལམ་རྒྱུད་ལ་སྐྱེས་པ་ན་འབྲས་སྐྱབས་སུ་གྱུར་བའི་དགེ་འདུན་དཀོན་མཆོག་ཏུ་གྱུར་བ་ཡིན། སྐབས་དེའི་རང་རྒྱུད་ཀྱི་ལམ་དེ་དང་དེའི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་འགོག་བདེན་ནི་འབྲས་སྐྱབས་སུ་གྱུར་བའི་ཆོས་དཀོན་མཆོག་ཡིན། རྒྱུ་དེ་དག་ལ་བརྟེན་ལས་ལམ་ལྔ་ས་བཅུ་མངོན་དུ་བྱས་ཏེ་མཐར་རང་ཉིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་དེ་འབྲས་སྐྱབས་སུ་གྱུར་བའི་སངས་རྒྱས་དཀོན་མཆོག་ཡིན། མདོར་ན་རང་རྒྱུད་ལ་འཐོབ་འགྱུར་གྱི་ལམ་ལྔ་དང་ས་བཅུ། སྐུ་བཞི་སོགས་ནི་འབྲས་སྐྱབས་སུ་གྱུར་བའི་སྐྱབས་གནས་ཡིན། དེ་ལྟ་བུ་རང་རྒྱུད་ལ་ནམ་སྐྱེས་པ་ན་རང་ཉིད་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་དུ་གྱུར་བ་ཡིན་པས། རང་རེ་རྣམས་ཀྱི་རྒྱུད་ལ་དེ་ལྟ་བུའི་སྐྱབས་ཤིག་མྱུར་དུ་ཐོབ་ན་ཅི་མ་རུང་སྙམ་པའི་མངོན་འདོད་ཀྱི་དདད་པས་རྒྱུད་བསྐུལ་ཏེ་དེའི་རྒྱུ་གསོག་པ་ལ་སྤྲོ་བས་འབད་ པར་བྱའོ།། །།
འབྲས་སྒོ་མང་ཀླུ་འབུམ་བསྟན་པ་བཀྲ་ཤིས་ནས་བརྩམས