རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

པར་མཛོད།


  

གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་འཁྲབ་སྟོན་སོགས་དཔའ་བོ་གླིང་གི་མཛད་འཕྲིན་ལ་བྱས་རྗེ་དང་སྤྲོ་བ་བླ་ལྷག་ཏུ་ཆེ་བའི་གསེར་ལྗོངས་གླུ་བ་རིག་དགའ་ལགས་ཀྱིས་ཇུས་འགོད་དང་ཡོན་སྦྱར་དེ། གླིང་གེ་སར་སྟོང་ཐང་ཆེན་མོ་སོགས་བོད་ཀྱི་རྣམ་ཐར་མི་ཉུང་བ་མུ་འབྲེལ་ཞལ་ཐང་དུ་འབྲི་བཞེངས་གནང་མཁན་གྲས་སུ་མཛེས་རྩལ་ཁྱད་ཐོན་པ། ཁམས་བྲག་བྲག་མགོའི་ལྷ་རིས་པ་མཁས་གྲུབ་ཉི་མ་སོགས་ལ་འབྲི་བཞེངས་གནང་དུ་བཅུག་པའི་གླིང་དཔའ་ཆེན་བརྒྱད་ཅུའི་སོགས་ཀྱི་གྲས་སུ་བཞུགས་པའི་གླིང་རྗེ་གར་གྱི་བཙུན་མོ་སྒ་སྐྱ་ལོའི་སེང་ལྷམ་འབྲུག་མོའི་སྐུ་བརྙན་མཛེས་ལྡན།

གསེར་རྟ་སྙན་ལུང་དགོན་པའི་གླིང་གེ་སར་རིག་གནས་སྒྱུ་རྩལ་སྲུང་སྤེལ་ལྟེ་ནས་ཀྱི་ལྷ་རིས་པ་ཤེས་རབ་བློ་འཕེལ་གྱིས་བྲིས་པའི་བོད་ཀྱི་དཔའ་བོའི་མི་སྣ་གླིང་གེ་སར་རྒྱལ་པོ་ལ་སྔ་རབས་ཀྱི་ནང་འཁོར་དཔའ་རྟུལ་ཕུ་ནུ་སུམ་ཅུ་དང་། ཕྱིས་ཀྱི་ཕྱི་ནང་སྡེ་ཁག་མང་པོ་དབང་དུ་བསྡུ་སྐབས་ནང་བློན་དུ་བཀོད་པའི་དཔའ་ཆེན་བརྒྱ་ཅུ། ཡང་བློན་སྟོང་དང་དགུ་བརྒྱ་སོགས་ཡོད་པ་ལས་ཡོངས་གྲགས་བཀའ་ཡི་བློན་པོ་ཆེ་བརྒྱད་དུ་གྲགས་པའི་ནང་གསེས་སེར་པོ་ཧོར་ཕྱོགས་ཀྱི་བཀའ་བློན་སྡིག་གཅོད་ཤན་པ་མེ་རུ་རྩེ་ཞེས་དཔའ་དང་སྟོབས་རྩལ་འགྲན་ཟླ་བྲལ་ཞིང་། ལྷག་པར་གླིང་སྒྲུང་གྲགས་གང་ཆེ་དག་ན་བཀའ་བློན་ཤན་འདན་སྟག་སེང་ཁ་སྤྲོད་ཅེས་གྲགས་པ་དེ་ཡི་གཉིས་པ་ཤན་རྡིབ་མེད་གསེར་གྱི་ཁང་བཟང་གི་བརྙན་རིས། 

འདན་ཤུག་ར་དགོན་པའི་ལྷ་རིས་པ་གྲྭ་དཔལ་འབྱོར་ཞུ་བས་འབྲི་བཞེངས་གནང་བའི་རི་མོ་ཉམས་ལྡན། བོད་ཀྱི་དཔའ་བོའི་མི་སྣ་གླིང་གེ་སར་སྐྱེས་བུའི་བཀའ་བློན་ཆེན་པོ། རྒྱ་གར་གྱི་གྲུབ་མཆོག་དཔལ་ས་ར་ཧའི་སྒྱུ་འཕྲུལ་དུ་གྲགས་པ་མདའ་རྩལ་གྱི་ཡང་ཐུལ་དམ་པ་འདན་མ་བྱང་ཁྲ་གཡུལ་ལས་རྣམ་པར་རྒྱལ་བའི་ཐོག་རྒོད་དམ། ལྡོང་སྨུག་པོའི་རྒྱལ་རབས་བཅོ་བརྒྱད་ལ། ། དཔའ་ཚ་ཞང་བློན་རབས་བཅོ་བརྒྱད་ཡོད། ། ཅེས་པར་འདན་ཆག་མེད་གཡུ་ཡི་ཀ་བ་ལགས་ཀྱི་ཞལ་ཐང་།

          རྣམ་བཅུད་དབང་ལྡན་ཞེས་པ་ནི་དཔལ་དུས་ཀྱི་འཁོར་ལོའི་གཟུགས་སྔགས་ལཉྫཱའིཡི་གེ་ཧྃ་ཀྵ་མ་ལ་ར་ཡོཾ་བརྩེགས་ནས་གྲུབ་པའི་རི་མོའི་གཟུགས་ཐུན་མོང་མིན་པ་ཞིག་ཡིན།    རྟེན་གཞལ་ཡས་ཁང་གི་འོག་གཞི་རླུང་མེ་ཆུ་སའི་དཀྱིལ་འཁོར་བཞི་ཡ་ར་ཝ་ལ་དང་།  རི་རབ་གཞལ་ཡས་ཁང་བཅས་པ་མ།  བརྟེན་པ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་ཀྵ།   ཐུགས་དཀྱིལ་གྱི་ལྷ་རྣམས་ཧ།བདེ་ཆེན་འཁོར་ལོའི་ལྷའི་སྐུ་སྲུང་ཐུགས་ཟླ་ཚེས་ཐིག་ལེ་ནྭ་ད་སྟེ།   རྟེན་བརྟེན་པའི་ལྷ་རྣམས་མཚོན་པར་བྱེད་གསུང་རུང་།  ལྷ་ས་ཁྲེན་ཀོན་ཆིས་ཀྱིས་བྲིས་གནང་པའི་རྣམ་བཅུ་དབང་ལྡན་གྱི་འགྲེལ་བཤད་ལ།    “གཉིས་མེད་དུས་ཀྱི་འཁོར་ལོའི་རྣམ་བཅུད་དབང་ལྡན་དུ་གྲགས་པ་དེ་ནི་འབྱུང་བ།  རླུང་། མེ། ས། ཆུ།    རི་རབ་སྟེ་སྟོན་པ་རྣམ་པ་ལྔ་དང་།འདོད་གཟུགས་དང་། གཟུགས་མེད།ཉི་མ།ཟླ་བ་།  གཉིས་བཅས་གཡོ་བ་རྣམ་པ་བཞི།ཀུན་ཁྱབ་སྒྲ་གཅན་ནམ་མཁའི་ལྡིང་དང་བཅས་བཅུ་པོ་དེ་འཇིག་རྟེན་གྱི་སྣོད་བཅུད་དུ་གྲུབ་པའི་ཁང་བཟང་གི་རྒྱན་དུ་སྤྲས་ན་རྟེན་འབྲེལ་གྱི་དགོས་པར་ཅན་ཡོད་པར་མཚོན་ནོ།”ཞེས་བྲིས་གནང་པར་རྒྱུ་མཚན་ཆེ་ཙམ་འདུག་སྙམ།   


          སྤྱིར་དཀྱིལ་འཁོར་ཞེས་པ་ནི་ལྷ་གཙོ་འཁོར་རྟེན་དང་བཅས་པའི་བཀོད་པ་སྟེ་རྒྱལ་བ་རྡོ་རྗེ་འཆང་གིས་གདུལ་བྱའི་དབང་གིས་རྒྱུད་དེ་དང་དེ་གསུང་བའི་སྐབས་སུ་ལྷ་དེ་དང་དེའི་དཀྱིལ་འཁོར་གྱི་བཀོད་པ་དངོས་སུ་སྤྲུལ་ཏེ་དབང་བསྐུར་ཅིང་རྒྱུད་བསྟན།  དགོངས་གཞི་དང་དགོས་པའི་དབང་གིས་བློས་བསླངས་ཀྱི་དཀྱིལ་འཁོར།  ལུས་དཀྱིལ་གྱི་དཀྱིལ་འཁོར།  བསམ་གཏན་གྱི་དཀྱིལ་འཁོར་ལ་སོགས་པ་ཚོགས་གཉིས་སྒྲུབ་ཚུལ་གྱི་མན་ངག་ཞིབ་པ་རྒྱུད་སྡེ་སོ་སོ་ན་བསྟན་ཡོད།   དེ་ལྟར་བོད་དུ་བཞེངས་པའི་ཚུལ་གྱི་མགོ་འབུས་ཙམ་ཞིག་སྟོན་ན།  སྲོང་བཙན་ཡབ་ཡུམ་གྱིས་ར་སའི་གཙུག་ལག་ཁང་དུ་འཇམ་དཔལ་དྲག་པོའི་དཀྱིལ་འཁོར་དང༌།   ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་སོགས་བྲིས་བཞེངས་མཛད་པ་དང༌།   ཁྲི་སྲོང་གི་དུས་བསམ་ཡས་སུ་གསང་སྔགས་ཀྱི་དཀྱིལ་འཁོར་ཆ་ཚང་བཞེངས་པ་དང༌།  སློབ་དཔོན་ཆེན་པོས་ཕྱག་བྲིས་མཛད་པའི་དཀྱིལ་འཁོར་ཡང་མང་བར་གྲགས།   ཁྱད་པར་དུ་ཕོ་བྲང་པོ་ཏ་ལ་ནི་ཕྱི་རྒྱལ་པོའི་ཕོ་བྲང་དང༌།  ནང་གཙུག་ལག་ཁང༌།  གསང་བ་བླ་མེད་ཀྱི་དཀྱིལ་འཁོར་གྱི་རྣམ་པར་བཞེངས།  ས་ཆེན་གོང་མ་ན་རིམ་དང༌།  ཀུན་མཁྱེན་བུ་སྟོན་གྲུབ་ལ་སོགས་པའི་གདན་ས་དག་ཏུ་བཀའ་བརྒྱུད་སོ་སོའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ཆ་ཚང་བ་རེ་བཞེངས་པར་བརྟེན།  བོད་ཁམས་ཡོངས་སུ་རྡུལ་ཚོན་དང་རས་བྲིས།   ལོག་བྲིས་སོགས་ཀྱི་དཀྱིལ་འཁོར་བགྲང་ལས་འདས་པ་བཞེངས་དང་བཞེང་བ་ལྟར་དང༌།   ཁྱད་པར་དུ་རྗེ་ཐམས་ཅད་མཁྱེན་པས་དགའ་ལྡན་དུ་ཕྱག་ལེན་ཕྲ་ཞིབ་ཀྱིས་བདེ་གསང་ལ་སོགས་པའི་དཀྱིལ་འཁོར་དང་བློས་བསླངས་ངོ་མཚར་བ་བཞེངས་པའི་བཀའ་སྲོལ་ད་ལྟ་འཕེལ་བཞིན་པ་དང༌།གཞན་རིན་པོ་ཆེའི་དཀྱིལ་འཁོར་དང༌།  གསེར་དངུལ།  ཟངས།  མུ་ཏིག  ཙན་དན།  སའི་རྒྱུ་སྣ་ཚོགས་ཀྱིས་བསྒྲུབས་པའང་ཤིན་ཏུ་མང་བ་ཕལ་ཆེ་བ་དུས་དབང་གིས་འཇིག་ཀྱང་ད་ལྟའང་མངོན་དུ་གྱུར་པ་མང་བོ་ཞིག་བཞུགས།   བློས་བསླངས་ཞེས་པ་བློ་ངོར་སྒོམ་དོན་གྱི་དཀྱིལ་འཁོར་དེ་གཟུགས་སུ་བསླངས་པ་དང༌།   རྡུལ་ཚོན་ནི་རིན་ཆེན་བྱེ་མས་འབུར་ཐོན་དུ་སྤུངས་ཏེ་བཀོད་པ།   རས་བྲིས་ནི་རིན་པོ་ཆེའི་ཁུ་བས་བྲིས་པ་སྟེ།   ཐམས་ཅད་དཀྱིལ་འཁོར་དངོས་ཀྱི་དོད་ཐུབ་ཡིན་ཏེ།   དེ་ལ་རྟེན་གཞལ་ཡས་ཁང་ལྷའི་ཕོ་བྲང་གི་རྣམ་པ་དང༌།   བརྟེན་པ་ལྷ་གཙོ་འཁོར་གྱི་བཀོད་པ་སྐུ་བརྙན་དང་ས་བོན་ཕྱག་མཚན་ཚོམ་བུ་ལ་སོགས་པའི་སྒོ་ནས་བཞག་པ་ཡིན་ནོ།། 
          དཔལ་དུས་ཀྱི་འཁོར་ལོའི་རྟེན་གཞལ་ཡས་ཁང་གི་དག་པའང་མཚོན་བྱ་ནི།ཚད་མེད་བཞི་རྣམས་ཀྱི་དག་པས་ནི་རྡོ་རྗེ་རྩ་ཐིག་བཞི།   དྲན་པ་ཉེར་བཞག་བཞིའི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་སྐུའི་རྩིག་པའི་རྒྱ་ཚད་དང་དཔངས་ཚད་ཕྱིར་ཚད་མཉམ་དུ་བྱས་པའི་ཀུན་ནས་གྲུ་བཞི་བ།   ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགོག་པའི་ཡེ་ཤེས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་སྐུའི་རྩིག་པའི་རྒྱ་ཚད་དང་དཔངས་ཚད་ཕྱིར་ཚད་མཉམ་དུ་བྱས་པའི་ཀུན་ནས་གྲུ་བཞི་བ།   ཀུན་ཉོན་ཕྱོགས་ཀྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགོག་པའི་ཡེ་ཤེས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་དཀྱིལ་འཁོར་གསུམ་ག་བསྡོམས་པའི་སྒོ་ནི་བཅུ་གཉིས།   ས་བཅུ་གཉིས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་དག་པས་དཀྱིལ་འཁོར་གསུམ་སྒྲའི་ལྷ ་རྟ་བབས་དག་ནི་མཛེས་པ་བཅུ་གཉིས།   འཕགས་ལམ་ཡན་ལག་བརྒྱད་པོ་རྣམས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་ཕྱོགས་བརྒྱད་དུ་ནི་དུར་ཁྲོད་བརྒྱད།   སྟོང་ཉིད་བཅུ་དྲུག་རྟོགས་པའི་ཡེ་ཤེས་ཀྱི་རྟོགས་རིགས་མཐར་ཐུག་པ་རྣམས་ཀྱི་དག་པས་བདེ་ཆེན་འཁོར་ལོའི་ཀ་བ་བཅུ་དྲུག    ཁམས་ལྔ་རྣམས་ཀྱི་དག་པས་སྒོ་ཁྱུད་བརྒྱད། གཟུགས་ཅན་བརྒྱད་དྲི་མས་དག་པ་རྣམས་ཀྱིས་སྒོ་འགྲམ་བརྒྱད།   ཡོན་ཏན་བརྒྱད་དྲི་མས་དག་པ་རྣམས་ཀྱིས་སྒོ་ལོགས་བརྒྱད་དེ། སྒོ་འགྲམ་རྣམས་དང་ནི་སྒོ་ལོགས་རྣམས་ཉིད་ཀྱི་དག་པ་རྣམས་སོ།།
         ཕུང་པོ་ལྔས་མཚོན་པའི་ཁ་དོག་ལྔ་ནི་རྣམ་པར་སྦྱངས་པ་སྟེ་དག་པ་དང༌།   དག་པ་གསུམ་གྱི་རྟོགས་པ་མཐར་ཐུག་གི་དག་པས་ཐུགས་ཀྱི་ར་བ་གསུམ་དང༌།   དབང་བོ་ལྔ་རྣམས་ཀྱི་དག་པས་གསུང་གི་ར་བ་ལྔ་བ་དང༌།   སྟོབས་ལྔ་རྣམས་ཀྱི་རྣམ་དག་གིས་སྐུའི་ར་བ་ལྔ་སྟེ།   དེ་དག་ཐུགས་གསུང་སྐུ་ཡི་དཀྱིལ་འཁོར་ལ་དེ་ལྟར་སྦྱོར་དགོས་པའོ།།   གཟུངས་རྣམས་ཀྱི་དག་པས་དཀྱིལ་འཁོར་གསུམ་ག་ལ་ཡོད་པའི་ཁ་ཁྱེར་ཞེས་བྱ་བ་སྟེགས་བུ་བཞི་ཚན་གསུམ་སྟེ།    ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་དག་པ་ཡིས་རིན་པོ་ཆེའི་སྣམ་བུ་རིན་པོ་ཆེའི་འཚར་བུ་རྣམ་པར་བཀྲ་བ་དང༌།    སྤྱོད་པས་བསྡུས་པ་དྲུག་དང༌།    རྟོགས་པས་བསྡུས་པ་དྲུག   འཕྲིན་ལས་ཀྱིས་བསྡུས་པ་གསུམ།   ཡེ་ཤེས་ཀྱིས་བསྡུས་པ་གསུམ་སྟེ་མ་འདྲེས་པའི་ཆོས་ནི་བཅོ་བརྒྱད་ཀྱི་དག་པས་དོ་ཤལ་དང་དོ་ཤལ་ཕྱེད་པ་དཀྱིལ་འཁོར་གསུམ་པོ་དེ་རྣམས་ལ་ཡོད་པ་ཉིད་དང༌།   དབང་བཅུ་བོ་རྣམས་ཀྱི་དག་པས་ཀྱང་བ་ཀུ་ལི་ཤར་བུ།   དགེ་བ་བཅུ་དག་པས་ཀྲ་མ་ཤིརྵ་སྟེ་མདའ་ཡབ་ཀྱི་ཕྲེང་བ།   རྣམ་ཐར་གྱི་དག་པས་དྲིལ་བུའི་སྒྲ་ནི་རྫོགས་པར་སྒྲོགས་པ།    རྫུ་འཕྲུལ་གྱི་རྐང་བ་བཞི་དག་པས་མདའ་ཡབ་ཀྱི་བར་རྒྱལ་མཚན་སྣ་ཚོགས་པས་གཏམས་ཤིང་དཀྲིགས་པ།   ཡང་དག་སྤོང་བ་བཞི་དག་པས་མེ་ལོང་འོད་རབ་ཏུ་འབར་བ།   བྱང་ཆུབ་ཡན་ལག་བདུན་གྱི་དག་པས་རྔ་ཡབ་སྣ་ཚོགས་གཡོ་བ།    གསུང་རབ་ཡན་ལག་དགུ་ཡིཧ་དག་པས་མེ་ཏོག་གི་ཕྲེང་བ་སྣ་ཚོགས་པས་བརྒྱན་པ།    བསྡུ་བའི་དངོས་པོ་བཞི་བོ་རྣམས་ཀྱི་དག་པས་ནི་གཞལ་ཡས་ཁང་གི་ཟུར་དུ་སྣ་ཚོགས་རྡོ་རྗེས་བརྒྱན་པ།    བདེན་པ་བཞིའི་དག་པས་རིན་ཆེན་བཞི་རྣམས་ཀྱིས་སྒོ་དང་སྒོ་ཁྱུད་མཚམས་སུ་སྤྲས་པ།   མངོན་ཤེས་ལྔ་ཡི་དག་པས་རྟག་ཏུ་ནི་འོད་ཕྲེང་གི་ཟླུམ་སྐོར་ཆེན་པོ་ལྔ་ཡིས་བསྐོར་པ།    སྐུ་བཞིའི་བདག་ཉིད་རྣམ་པ་ཀུན་མཁྱེན་བྱང་ཆུབ་པ་དག་པས་ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར་པ།    ཟག་མེད་ཀྱི་བདེ་བ་གཅིག་པུའི་རང་བཞིན་བུ་གནས་པ་དག་པས་ལྕགས་རི་ཡིས་བསྐོར་པ་སྟེ།   ཁོར་ཡུག་ཏུ་རྡོ་རྗེའི་ཕྲེང་བ།    ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེའི་མེ་ལྕེ་འབར་བས་བསྐོར་པ།   ཤེས་རབ་དང་ཐབས་གཉིས་ཀྱི་ཆ་ཡི་དག་པས་ནི་ཟླ་བ་ནུབ་བཞིན་པ་དང༌།   ཉི་མ་རྟག་ཏུ་འཆར་བཞིན་པ།    རྡོ་རྗེ་བཞི་དག་པ་ནི་སྐུ་དཀྱིལ་གྱི་རྟ་བབས་ཀྱི་ཆོས་ཀྱི་འཁོར་ལོ་དང༌།    བུམ་པ་ཆེན་པོ་དང༌།   རྔ་བོ་ཆེ་དང༌།    བྱང་ཆུབ་ཀྱི་ཤིང་བཞི།   ཡང་རྡོ་རྗེ་བཞི་བོ་དེ་དག་དག་པ་ནི་བདེ་ཆེན་གྱི་འཁོར་ལོའི་གྲྭ་བཞིར་གནས་པའི་ཡིད་བཞིན་ནོར་བུ་དཔག་བསམ་གྱི་ཤིང༌།       ཆོས་ཀྱི་གཎྜི།    ཆོས་ཀྱི་དུང་རྣམས་ཏེ་དེ་ལྟར་ཤེས་པར་བྱའོ།།


བཀྲ་ཤིས་རྫས་བརྒྱད།
༄༅། བཀྲ་ཤིས་པའི་རྫས་མཆོག་བརྒྱད་ནི།
མེ་ལོང་དང༌། གི་ཝང༌། འོ་མ། རྩྭ་དུརྦ། བིལ་ཝ། དུང་དཀར་གཡས་འཁྱིལ། ལི་ཁྲི། ཡུངས་དཀར་བཅས་ལ་ཟེར་བ་ཡིན།

དེ་ཡང་སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ་ལ་བརྟེན་ནས་ལུས་ཅན་ཐམས་ཅད་རྒྱལ་བའི་ ཡེ་ཤེས་སྒྲིབ་བྲལ་མངོན་གྱུར་གྱིས་རྣམ་དག་ཆོས་ལ་ཐོགས་མེད་ལོངས་སུ་སྤྱོད་པའི་བཀྲ་ཤིས་པའི་རྫས་སུ་རྒྱལ་བས་བྱིན་གྱིས་བརླབས་ཤིང༌། དེ་བཞིན་དུ་གཉིས་འཐུང་གི་དབང་པོའམ་གླང་ཆེན་ས་སྲུང་གིས་གི་ཝང་ཕུལ་བས། ཉོན་མོངས་ཟུག་རྔུའི་ནད་དང་སྡུག་བསྔལ་དག་པའི་སྨན་མཆོག་ཆོས་ཉིད་ཀྱི་དོན་རབ་ཏུ་རྟོགས་པར་བྱིན་གྱིས་བརླབས། གྲོང་པའི་བུ་མོ་ལེགས་སྐྱེས་མས་འོ་མ་ཕུལ་བས་དུས་གསུམ་ཞི་ཞིང་སྙིང་པོ་རྣམ་དག་ཡེ་ཤེས་མཆོག་ཏུ་རྟོགས་པར་བྱིན་གྱི་བརླབས། ཡང་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་དུརྦ་ཕུལ་བས། ཉོན་མོངས་སྐྱེ་ཤིའི་རྒྱུན་ཆད་པའི་རྡོ་རྗེ་སེམས་དཔའི་ཚེ་སྟེ། འཆི་མེད་ཀྱི་ཚེ་ཐོབ་པར་བྱིན་གྱིས་བརླབས། ཤིང་གི་ལྷ་མོས་ཤིང་ཏོག་བིལ་བ་ཕུལ་བས་འཇིག་རྟེན་ལས་འདས་པའི་བྱང་ཆེན་སྤྱོད་པའི་རྒྱུ་རྐྱེན་རྣམ་པར་དག་པའི་འབྲས་བུར་ སངས་རྒྱས་ཀྱི་གོ་འཕང་མངོན་གྱུར་གྱི་དོན་ཀུན་འགྲུབ་པ་དེ་དང༌། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་ཅན་ཕུལ་བས་ཐེག་གསུམ་ཆོས་འཁོར་གང་འདུལ་མ་ནོར་ཡོངས་སུ་བསྟན་པ། སའི་ལྷ་མོ་བསྟན་མའམ་ཡང་ན་བྲམ་ཟེ་སྐར་རྒྱལ་གྱིས་ལི་ཁྲི་ཕུལ་བས་སྲིད་ཞི་དཔལ་འབྱོར་ཀུན་ལ་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་དབང་སྒྱུར་བ་དེ་དང༌། གསང་བདག་ཕྱག་རྡོར་གྱི་ཡུངས་དཀར་ཕུལ་བས་བདུད་བགེགས་བར་ཆད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཐུ་སྟོབས་ལ་དབང་འབྱོར་བར་ བྱིན་གྱིས་བརླབས་པར་མཛད་པ་བཅས་ལས་བཀྲ་ཤིས་པའི་རྫས་བརྒྱད་པོ་འདི་དག་བྱུང་བ་ཡིན།། །།


སྲིད་པའི་འཁོར་ལོ།
༄༅། །སྲིད་པའི་འཁོར་ལོ་ཞེས་པ་འདི་ནི། ངན་འགྲོ་དང་བདེ་འགྲོ་གཉིས་སུ་འདུས་པའི་རིགས་དྲུག་གི་སེམས་ཅན་ཀུན་སྲིད་པ་འཁོར་བ་ན་ཇི་ལྟར་འཁོར་ཞིང་འཁྱམས་པ་དང༌། དེའི་རྒྱུ་དང་བཅས་པ་སྟོན་པའི་རི་མོ་སྟེ། རི་མོ་འདི་ཉིད་ཐོག་མར་རྒྱ་གར་གྱི་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བཞིན། སྒྲ་སྒྲོག་གི་རྒྱལ་པོ་ཨུ་ཊ་ཡ་ནར་སྐྱེས་ལན་དུ་བྲིས་པར་གྲགས།

རོ་མོའི་དབུས་སུ་བྱ་སྦྲུལ་ཕག་གསུམ་གྱི་གཟུགས་བརྙན་སྣང་བ་ནི། འགྲོ་དྲུག་འཁོར་བར་འཁོར་བྱེད་ཀྱི་རྒྱུ་གཙོ་བོ་ཉོན་མོངས་དུག་གསུམ་མཚོན་པ་ཡིན་ཏེ། དང་པོ། བྱ་ནི་འདོད་ཆགས་ཀྱི་མཚོན་བྱེད་དང༌། གཉིས་པ། སྦྲུལ་ནི་ཞེ་སྡང་གི་མཚོན་བྱེད། གསུམ་པ། ཕག་པ་ནི་གཏི་མུག་གི་མཚོན་བྱེད་ཡིན་པ་དང༌། བྱ་སྦྲུལ་གཉིས་ཕག་པའི་ཁ་ནས་ཐོན་པ་བྲིས་པ་ནི་འཁོར་པའི་ཉེས་དམིགས་ཐམས་ཅད་ཉོན་མོངས་དུག་གསུམ་ལས་བསྐྱེད་ཅིང༌། ཆགས་སྔང་གཉིས་ཀྱང་མ་རིག་པའི་རྒྱུ་གཙོ་བོ་གཏི་མུག་ལས་བྱུང་བ་མཚོན་པ་ཡིན། བྱ་དང་སྦྲུལ། ཕག་པ་བཅས་ཀྱི་རི་མོ་འདི་འབྲི་ཚུལ་ཅུང་མི་འདྲ་བའང་ཡོད་སྐད། དེའི་མཐའ་རུ་ལམ་དཀར་ནག་གཉིས་བྲིས་པ་ནི། བདེ་འགྲོ་དང་ངན་འགྲོའི་བར་སྲིད་ལ་དགེ་སྡིག་གི་ལས་དཀར་ནག་གཉིས་སུ་ངེས་པར་མཚོན། དེ་ཡང་སྡིག་པའི་རྣམ་སྨིན་གྱིས་ངན་སོང་དུ་ལྷུང་ངེས་བ་ཞིག་ཡིན་ན། བར་དོའི་སྲིད་པར་མགོ་བོ་ཐུར་དུ་བཙུགས་ནས་འགྲོ་བའི་སྣང་བ་དང༌། ལས་མཁན་གྱི་ཐག་པས་བཀྱིག་ནས་དབང་མེད་དུ་འཁྲིད་འགྲོ །འོན་ཀྱང་དགེ་བའི་བསོད་ནམས་ཀྱིས་མཐོ་རིས་སུ་སྐྱེ་པ་ཞིག་ཡིན་ན། མཚན་མོར་ཟླ་འོད་ཀྱིས་ཁྱབ་པའམ་གངས་རི་ལ་ཉི་འོད་ཀྱིས་ཐོག་མར་ཕོག་པ་ལྟ་བུ་དང་ལམ་གྱེན་དུ་འགྲོ་བའམ། ཐད་ཀར་འགྲོ་བ་སོགས་ཀྱི་སྣང་བ་འཆར་བ་དང༌། ལས་མཁན་སོགས་ཀྱི་འཇིགས་སྣང་གི་སྡུག་བསྔལ་དང་བྲལ་བའོ།

འཁོར་ལོའི་རྩིབས་བར་དྲུག་ཏུ་ལྷ་དང་མི། ལྷ་མ་ཡིན་བཅས་བདེ་འགྲོ་གསུམ་དང༌། དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་ངན་འགྲོ་གསུམ་བཅས་རིམ་པར་བཀོད་དེ་བྲིས་པ་ནི། འགྲོ་བ་རིགས་དྲུགགི་སྡུག་བསྔལ་བསྟན་པ་ཡིན་ལ། མཚོན་དོན་ནི། མར་གྱུར་འགྲོ་བ་ཀུན་ཐར་པ་མ་ཐོབ་བར་དུ་འགྲོ་བ་རིགས་དྲུག་ཏུ་རེས་མོས་ཀྱིས་ཚེ་འཕོས་ཏེ་སྡུག་བསྔལ་མྱངས་ཤིང་མྱོང་བ་དེ་ཡིན།

འཁོར་ལོའི་མཐའ་འཁོར་གྱི་དྲ་མིག་བཅུ་གཉིས་ནི། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མཚོན་བྱེད་དེ། དང་པོ་དམུས་ལོང་འཁར་རྒྱུག་ལ་བརྟེན་པ་དེས་མ་རིག་པའི་རྟེན་འབྲེལ་མཚོན་ཞིང༌།གཉིས་པ་རྫ་མཁན་གྱིས་འདུ་བྱེད་ཀྱི་རྟེན་འབྲེལ་མཚོན། གསུམ་པ་སྤྲེའུ་ཤིང་རྩེར་རྩེན་པ་དེས་རྣམ་ཤེས་ཀྱི་རྟེན་འབྲེལ་མཚོན། བཞི་པ་གྲུ་གཟིངས་ཀྱིས་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་མཚོན། ལྔ་པ་ཁང་སྟོང་གིས་སྐྱེ་མཆེད་ཀྱི་རྟེན་འབྲེལ་མཚོན། དྲུག་པ་ཕོ་མོ་ཕན་ཚུན་འཁྱུད་ཅིང་འོ་བྱེད་པ་དེས་རིག་པའི་རྟེན་འབྲེལ་མཚོན། བདུན་པ་མིག་ཏུ་མདའ་ཟུག་པས་ཚོར་བའི་རྟེན་འབྲེལ་མཚོན། བརྒྱད་པ་སྐྱེ་བོས་ཆང་འཐུང་བ་དེས་སྲེད་པའི་རྟེན་འབྲེལ་མཚོན། དགུ་པ་སྤྲེའུས་ཤིང་ཏོག་བཏོག་པ་དེས་ལེན་པའི་རྟེན་འབྲེལ་མཚོན། བཅུ་པ་བུད་མེད་སྦྲུམ་མ་དེས་སྲིད་པའི་རྟེན་འབྲེལ་མཚོན། བཅུ་གཅིག་པ་ཕྲུ་གུ་བཙའ་བ་དེས་སྐྱེ་བའི་རྟེན་འབྲེལ་མཚོན། བཅུ་གཉིས་པ་མི་རོ་འཁུར་བདེས་རྒ་ཤི་ཅི་རིགས་པའི་རྟེན་འབྲེལ་མཚོན་ནོ།

དེ་ཐམས་ཅད་འཁོར་ལོའི་རྣམ་པར་འཆི་བདག་གི་ཁ་དང་རྐང་ལག་བཞིས་དམ་དུ་བཟུང་བར་བྲིས་པ་དེས། ལས་དང་ཉོན་མོངས་པའི་དབང་གིས་འཇིག་རྟེན་འདིར་སྐྱེ་བ་ལེན་པ་མཐའ་དག་མཐར་འཆི་བདག་གི་དབང་དུ་མ་གྱུར་པ་མེད་པ་དང༌། དེ་ཡང་ལན་རེ་གཉིས་ཙམ་མ་ཡིན་པར། ཇི་སྲིད་འཁོར་བའི་རྩ་བ་མ་སྤངས་པ་དེ་སྲིད་དུ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་འཁོར་མོར་མྱངས་ཏེ་སྲིད་རྩེ་ནས་མནར་མེད་བར་རྟག་ཏུ་འཁོར་བ་མཚོན།

སྟེང་དུ་ཟླ་བའི་གཟུགས་བརྙན་བྲིས་པ་ནི། སྡུག་བསྔལ་མཐའ་དག་གི་དབེན་པའི་ཞི་བ་མྱང་འདས་སམ་བདུད་བཞི་ཕྲ་རགས་མ་ལུས་པ་བཅོམ་པའི་རྣམ་མཁྱེན་གྱི་གོ་འཕང་མཚོན། དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་བརྐྱངས་ཏེ་བསྟན་པ་ནི། ཞི་བ་མྱང་འདས་འདི་ལྟ་བུ་ཞིག་མ་ཐོབ་ན། འཁོར་བའི་རྒྱ་མཚོའི་སྡུག་བསྔལ་གྱི་ཀློང་ནས་རྟག་ཏུ་འཁོར་བ་ལས་ཐར་དུས་མེད་པས། སེམས་ཅན་ཀུན་གྱིས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་པའི་ཐབས་ལ་བརྩོན་ཅིག་ཅེས་བརྡ་ཐབས་ཀྱིས་འདོམས་པར་མཛད་པ་མཚོན་ནོ།། །།


རྒྱལ་སྲིད་སྣ་བདུན།
༄༅། །རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ་དང༌། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་ཡིན།
རྒྱལ་སྲི་སྣ་བདུན་ནི་སྔོན་འཁོར་ལོ་བསྒྱུར་བའི་རྒྱལ་པོ།
དག་གིས་སྲིད་ཀྱི་ཁ་ལོ་བསྒྱུར་བའི་སྐབས་ཀྱི་ཐུན་མིན་དགེ་མཚན་ཡིན་པར་བརྗོད་ཀྱི་ཡོད། མཚོན་དོན་ཡང་ཡུལ་ཁམས་དབང་དུ་བསྒྱུར་ཞིང་། སྐྱེ་འགྲོར་ལེགས་ཚོགས་སྤེལ་བ་ལ་ཟླ་མེད་དཔལ་དུ་གྲུབ་པའི་སྐྱེ་བོ་དམ་པའི་ཡོན་ཏན་ཡིན།
༡༽ འཁོར་ལོ་རིན་པོ་ཆེ་ནི།
སྔོན་དུས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་རྣམས་ཀྱི་བསོད་ནམས་ཀྱི་སྟོབས་ལས་ཕོ་བྲང་གི་རྩེ་ནས་བདེན་ཚིག་བརྗོད་པས། ཤར་ཕྱོགས་ཀྱི་ནམ་མཁའ་ནས་རྒྱལ་པོའི་མདུན་དུ་བབས་ནས་གང་དུ་འགྲོ་འདོད་པའི་ཡུལ་དེར་འཁོར་ལོ་དེས་སྣ་དྲངས་ནས་འགྲོ་བ་དང༌། དེ་དང་མཉམ་དུ་རྒྱལ་སྲིད་རིན་པོ་ཆེ་གཞན་རྣམས་ཀྱང་འབད་མེད་རྗེས་སུ་འབྱོར་འོང་བ་ཡིན།
༢༽ ནོར་བུ་རིན་པོ་ཆེ་ནི།
མདོག་མཐིང་ག་དྲི་མ་མེད་པ་འོད་ཀྱིས་དཔག་ཚད་བརྒྱད་ཅུ་ཙམ་དུ་སྣང་བར་བྱེད་པའི་ནུས་པ་དང་ལྡན་པ། གླིང་བཞིའི་འགྲོ་བ་ཐམས་ཅད་ཀྱི་དབུལ་ཕོངས་སེལ་བ། འདོད་རྒུ་ཡིད་བཞིན་དུ་སྐོང་བ་ལ་སོགས་ཀྱི་ཡོད་ཏན་དང་ལྡན་པའོ།
༣༽ བཙུན་མོ་རིན་པོ་ཆེ་ནི།
གཟུགས་མཛེས་པའི་ཁྱད་ཆོས་ཀུན་ནས་རྫོགས་ཤིང༌། རིག་པ་གསལ་ལ་ངག་འཇམ་པ། བུད་མེད་ཀྱི་སྐྱོན་ཐམས་ཅད་ཡོངས་སུ་བྲལ་ཞིང་ཡོད་ཏན་ལྡན་པ། ལུས་ཕྲ་མ་མཛེས་པའི་མཚན་མ་བཅོ་བརྒྱད་ཀྱིས་མཚན་ཞིང་དར་ཟབ་གོས་དང་རྒྱན་དུ་མས་སྤྲས་པ། སྒྱུ་རྩལ་དྲུག་ཅུ་རེ་བཞི་ལ་སོགས་པར་མཁས་ཤིང་མཐོང་བ་ཙམ་གྱིས་ཀུན་ཡིད་འཕྲོག་པ་དང་བདེ་ལེགས་ཐམས་ཅད་སྟེར་བའོ།
༤༽ བློན་པོ་རིན་པོ་ཆེ་ནི།
རྣམ་སྲས་ཀྱི་བུ་ལྟར་ལོངས་སྤྱོད་དང་དཔལ་འབྱོར་ཕུན་སུམ་ཚོགས་པ། གཡུལ་དུ་དཔའ་ཞིང་ལས་ལ་མཛངས་པ། སྲིད་ཀྱི་ལས་སྣ་ཐམས་ཅད་ལ་བྱང་ཞིང་རྒྱལ་པོའི་སྤྱན་གྱི་འབྲས་བུ་དང་མཚུངས་པ། རྒྱལ་པོས་སྟོང་གསུམ་གསེར་གྱིས་ཁེངས་ཤིག་ཅེས་བཀའ་སྩལ་ནའང་སྐད་ཅིག་ཏུ་སྒྱུབ་ནུས་ ཤིང་གཏོང་ཕོད་ཆེ་བ་བསོད་ནམས་དང་བློ་སྟོབས་ལྡན་པའོ།
༥༽ གླང་པོ་རིན་པོ་ཆེ་ནི།
ཐལ་དཀར་གྱི་མདོག་ལྟ་བུ་ལ་དཀར་ཞིང་མཛེས་པའི་མཆེ་བ་དྲུག་དང་ལྡན་པ། སྤྱི་གཙུག་དམར་ཞིང་དཔངས་མཐོ་བ། ནོར་བུའི་དྲ་བས་གཡོགས་ཤིང་གླང་པོ་ཆེ་ཕལ་པ་སྟོང་གི་སྟོབས་མངའ་བ། གཡུལ་ལས་རྣམ་པར་རྒྱལ་ཞིང་ཤིན་ཏུ་མགྱོགས་པའི་ཁྱད་ཆོས་ལྡན་པ་གླང་ཆེན་ས་སྲུང་གི་བུ་ལྟ་བུའོ།
༦༽ རྟ་མཆོག་རོན་པོ་ཆེ་ནི།
སྤུ་མདོག་སྔོན་པོ་རྨ་བྱའི་མགྲིན་སྤུ་ལྟར་ཡིད་དུ་འོང་བ། ནད་མེད་ཅིང་འཚེར་སྐད་ཀྱིས་འཛམ་གླིང་ཁྱབ་པ། རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ། འཛམ་གླིང་ལ་ཉིན་གཅིག་གིས་ལན་གསུམ་བསྐོར་ནུས་པའི་བང་ཤུགས་རླུང་དང་འདྲ་བ་རྟ་ཡི་རྒྱལ་པོ་ཅང་ཤེས་བ་ལ་ཧ་ལྟ་བུའོ།
༧༽ དམག་དཔོན་རིན་པོ་ཆེ་ནི།
དཔའ་དང་སྙིང་སྟོབས་ལྡན་པ། འཕྲུལ་དང་མཚོན་གྱི་སྒྱུ་རྩལ་དང་གཡུལ་འགྱེད་ཀྱི་ཐབས་ལ་མཁས་པ། དཔུང་ཚོགས་ཡན་ལག་བཞི་དང་ལྡན་པ། གཞུ་བདུངས་པ་ཙམ་གྱིས་ཀྱང་ཕ་རོལ་མི་བསྲུན་དགྲ་སྡེ་ཐམས་ཅད་སྤ་བཀོང་བར་བྱེད་ པའི་གཟི་བྱིན་བཟོད་པར་དཀའ་བ་རྒྱལ་ཆེན་ འཕགས་སྐྱེས་པོ་ལྟ་བུ་ཡིན་ཞེས་གྲགས་སོ།། །།


འདོད་ཡོན་རྣམ་ལྔ།
༄༅། །འདོད་པའི་ཡོན་ཏན་ལ་ལྔ་སྟེ། གཟུགས་དང༌། སྒྲ། དྲི། རོ། རེག་བྱ་བཅས་སོ། མཆོད་ཡུལ་སངས་རྒྱས་བྱང་སེམས་ཀྱི་སྣང་བརྙན་སྤྱན་སྔར་མེ་ལོང་དང༌། པི་ཝང༌། བདུག་སྤོས། ལྷ་བཤོས། དར་དཀར་བཅས་ཀྱིས་ཡིད་དུ་འོང་བའི་མཆོད་རྫས་བཤམས་པ་དེས་དངོས་བཤམས་ཡིད་སྤྲུལ་ གྱི་འདོད་པའི་ཡོན་ཏན་ལྔ་རུ་ འདུས་པའི་མཆོད་པའི་བྱེ་བྲག་ཡོངས་རྫོགས་མཚོན་པ་ཡིན་ནོ། དེ་བཞིན་དུ་འཇིག་རྟེན་གྱི་འདོད་པའི་ཡོན་ཏན་ལྔ་པོ་མཚོན་པ་ལའང་གོང་མཚུངས་ མཚོན་སྟངས་ཁྱབ་ཆེ་སྟེ།མཚོན་ཚུལ་ནི། མེ་ལོང་གིས་གཟུགས་མཚོན་ཞིང༌། པིང་གིས་སྒྲ། བདུག་སྤོས་ཀྱིས་དྲི། ལྷ་བཤོས་ཀྱིས་རོ། དར་དཀར་གྱིས་རེག་བྱ་བཅས་མཚོན་ནོ།། །།

ནོར་བུ་ཆ་བདུན།
༄༅། །ནོར་བུ་ཆ་བདུན་གྱི་མཚོན་བྱ་ནི་ནོར་གཡང་ཡིན་ཞིང༌། བདུན་ནི། རྒྱལ་པོའི་རྣ་ཆ་དང༌། བཙུན་མོའི་རྣ་ཆ། བློན་པོའི་རྣ་ཆ། བསེ་རུའི་རྭ། བྱུ་རུའི་སྡོང་པོ། གླང་ཆེན་གྱི་མཆེ་བ། ནོར་བུ་མིག་གསུམ་པ་བཅས་སུ་བགྲངས་ཀྱང༌། དེ་དག་རི་མོ་ལ་བཀོད་ན་མི་མཛེས་པས་ལྷའི་ནོར་བུ་འབར་བ་དང༌། མིའི་ནོར་བུ་མིག་གསུམ། ཀླུའི་ནོར་བུ་མིག་གཅིག་བཅས་ནོར་བུ་རིགས་གསུམ་དགའ་འཁྱིལ་ལམ། ཡང་ན་གོང་དུ་ལྷའི་ནོར་བུ་མེ་འབར་བ། གཡས་མིའི་ནོར་བུ། གཡོན་ཀླུའི་ནོར་བུ་བཅས་བརྩེགས་མར་འབྲི། ཁ་དོག་སྣ་ཚོགས་འབྱུང་བར་མཚོན་དོན་ལ་འགྱུར་བ་མེད་དོ།། །།


མི་མཐུན་གཡུལ་རྒྱལ།
༄༅། །མི་མཐུན་གཡུལ་རྒྱལ་ཞེས་པ་ནི། དགྲ་བཤེད་དུ་གྱུར་པའི་སྲོག་ཆགས་རིགས་གཉིས་རེ་གཟུགས་འདྲེས་མར་བྱས་པ་སྟེ། དེའི་མཚོན་དོན་ནི་མི་མཐུན་པ་ཐམས་ཅད་མཐུན་པར་བྱེད་ཅིང༌། ཡང་ན་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་བའམ། མི་མཐུན་གཡུལ་ལས་རྣམ་པར་རྒྱལ་བའི་དོན་ཡིན། དེའི་རི་མོར། སེང་གེ་དང་བྱ་ཁྱུང་འདུས་པ་ལས་བྱུང་བའི་གངས་ཀྱི་སེང་གེ་ཁྱུང་གི་མགོ་དང་གཤོག་པ། ཁྱུང་རྭ་ནོར་བུ་འབར་བས་བརྒྱན་པ་ཅན། ཆུ་སྲིན་དང་དུང་འདུས་པ་ལས་བྱུང་བའི་ཆུ་སྲིན་དུང་གི་མཇུག་མ་ཅན་ནམ། ཆུ་སྲིན་དུང་ན་གནས་པའི་ཚུལ་ལ་མཇུག་མ་པ་ཏྲ་འཁྱིལ་བས་མཛེས་པ། ཉ་དང་སྲམ་འདུས་པ་ལས་སྲམ་གསེར་ཉའི་མགོ་ཅན་ལ་ཁ་སྤུ་དཀར་པོས་མཛེས་པ་བཅས་གསུམ་འབྲི་ཚུལ་ཁྱབ་ཆེ་ཞིང༌། ལ་ལས་དེའི་ཐོག་སྟག་དང་འབྲུག་འདུས་པ་ལས་རྒྱ་སྟག་ཁྲ་བོ་གཟིག་འདྲ་བ་ལ་འབྲུག་མགོ་ཅན་བྲིས་ཏེ་ ཕྱོགས་བཞིར་འགོད་སྲོལ་ཡོད་པའང་སྣང་ངོ༌།། །།



དེ་ལྟ་བུའི་བྱེད་ལས་དེ་ཉིད་རྟ་མཆོག་གི་གཟུགས་སུ་བཀོད་པ་དེའང་ཉེས་པ་ནས་ལེགས་པར་བགྲོད་པ། ལྟས་ངན་པ་ནས་བཀྲ་ཤིས་པར་བགྲོད་པ་སོགས་མཚོན་ཕྱིར་དང༌། སྐྱེས་བུའི་རེ་འདོད་ཡོངས་སུ་སྐོང་བ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དང་། འདྲ་བས་རྟ་མཆོག་དེ་ཡང་ནོར་བུའི་རྒྱན་ལྡན་དུ་འགོད་སྲོལ་བྱུང་བ་ནི་རླུང་རྟའི་ གོ་དོན་ཡང་དག་པ་ཞིག་ཡིན་སྙམ། དུས་ཕྱིས་སུ་རླུང་རྟ་ཞེས་རླུང་གི་བཞོན་པ་ལྟ་བུའི་གོ་དོན་དང་སྦྱར་ནས་འབྲི་ སྲོལ་བྱུང་འདུག་པ་ནི། རླུང་རྟ་བར་སྣང་དུ་བསྐྱོད་ཅིང་འཕུར་བ་ལ་རླུང་གི་བྱེད་ལས་ལ་བརྟེན་དགོས་པར་ སོང་འབྲི་སྲོལ་བྱུང་བར་སེམས།། །།
Lungta
ཁ་ཅིག་གིས་སྡེ་བཞིའི་གཟུགས་བཀོད་དེས་མི་འཇིགས་པ་སྟེ་རྣམ་པར་རྒྱལ་བ་མཚོན་པ་ ཡིན་ཞེས་ཤོད་སྲོལ་ཡོད་ནའང༌། དངོས་དོན་ནི་འབྱུང་བའི་མཚོན་བྱེད་དུ་གོ་ན་ལེགས་ཏེ། སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་གི་ཁམས་སམ་རླུང་གི་ཁམས་མཚོན་པ་དང༌། སེང་གེ་རིར་གནས་པས་སའི་ཁམས་མཚོན། ཁྱུང་བར་སྣང་དུ་གནས་པའི་རྭ་ལས་མེ་འབར་བས་མེའི་ཁམས་མཚོན་དང༌། འབྲུག་རྒྱ་མཚོན་གནས་པས་ཆུའི་ཁམས་མཚོན་པ། རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་པ་བཅས་ཀྱིས་འབྱུང་བ་དང་དེའི་བྱེད་ ལས་ཀྱི་མཚོན་དོན་གསལ་བར་བསྟན།


རླུང་རྟ།
༄༅། །ང་ཚོ་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་དམིགས་བསལ་ཅན་གྱི་རླུང་རྟ་ཞེས་པ་འདི་ནི། དབུས་སུ་རྟ་མཆོག་ནོར་བུས་མཚན་པ་ཡོད་ཅིང༌། དེའི་ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་བཞིའི་གཟུགས་རིས་བཀོད་ཡོད་པ་དེ་ལ་ཟེར་བ་ཡིན། རླུང་རྟའི་ལྷ་ལ་གསོལ་མཆོད་བྱེད་པའི་ཆོ་ག་ནི་སྔ་མོ་ནས་བོད་རང་དུ་གསལ་ཡོད་ཀྱང༌། སྟག་སེང་ཁྱུང་འབྲུག་རྟ་མཆོག་དང་བཅས་པའི་རླུང་རྟའི་རི་མོ་འདི་དག་ག་དུས་བྱུང་ཚུལ་སོགས་གསལ་པོ་མཐོང་ཐོས་སུ་མ་གྱུར། འོན་ཀྱང་དེ་དག་ནི་བོད་རང་དུ་བྱུང་ཞིང་དར་བའི་རི་མོ་ཐོག་མའི་གྲས་ཤིག་ཡིན།


སྟོང་སྐོར་དགོན་པ།

སྟོང་སྐོར།
རི་དྭགས་ཆོས་འཁོར།
༄༅། །ང་ཚོ་བོད་རིགས་རྣམས་མཆོད་མཇལ་དུ་ཕེབས་སྐབས། ཐོག་མར་དགོན་པའི་ཚོམ་ཆེན་གྱི་ཡང་སྟེང་དུ་རི་དྭགས་ཕོ་མོ་གཉིས་ཀྱིས་རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོ་གཅིག་ལ་རྩེ་གཅིག་ཏུ་བལྟས་ནས་སྡོད་པའི་གཟུགས་བརྙན་ཡིད་དུ་འོང་བ་ཞིག་མཐོང་རྒྱུ་ཡོད་པ་དེས་ཡང་སྙིང་ཅི་ཞིག་མཚོན་པ་ཡིན་ནམ་ཞེ་ན། རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོས་ནི་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན། དེའི་གཡས་གཡོན་རི་དྭགས་ཕོ་མོ་གཉིས་ནི་བསེ་རུ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སེམས་རྒྱུད་བཞིའི་གྲས་བསེ་རུའི་སེམས་སྐྱེད་ཀྱིས་ཆོས་རྩེ་གཅིག་ཏུ་ཉན་པ་མཚོན་པ་ཡིན། དབུས་ཀྱི་རྩིབས་མ་བརྒྱད་ལྡན་གྱི་འཁོར་ལོའི་ལྟེ་བས་བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་མཚོན་པ་དང༌། བར་གྱི་རྩིབས་མ་བརྒྱད་པོ་ནི་ཤེས་རབ་ཀྱི་བསླབ་པ་དང་འཕགས་ལམ་ཡན་ལག་བརྒྱད་མཚོན། མཐའི་མུ་ཁྱུད་ཀྱིས་ནི་ཏིང་ངེ་འཛིན་གྱི་བསླབ་པ་མཚོན་པ་ཡིན། སངས་རྒྱས་ཀྱི་བཀའ་ཡོད་དོ་ཅོག་བསླབ་པ་གསུམ་དང༌། འཕགས་ལམ་ཡན་ལག་བརྒྱད་དུ་མ་འདུས་པ་མེད། རི་དྭགས་ཕོ་མོ་གཉིས་ཀྱིས་ཐབས་དང་ཤེས་རབ་མཚོན་ཏེ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མཚོན་བྱེད་ཡིན། མདོར་ན་འཛམ་གླིང་གི་ཆོས་ལུགས་ཁང་དང༌། དེ་བཞིན་རྒྱལ་ཁབ་སོ་སོར་རྟགས་མ་རེ་ཡོད་པ་བཞིན་རི་དྭགས་ཆོས་འཁོར་ནི་ནང་པ་ སངས་རྒྱས་པའི་རྟགས་མ་ལྟ་བུ་ཡིན།། །།



བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་དེའི་མཚོན་དོན།


གངས་ཅན་བོད་ཀྱི་གཙུག་ལག་ཁང་དང༌། དགོན་པ། ལྷ་ཁང༌། གྲོང་ཁྱིམ། སྦྲ་གུར། ཡོ་བྱད། ཅ་ལག་སོགས་ཀྱི་སྟེང་དུ་བོད་རང་གི་ཁྱད་ཆོས་ལྡན་པའི་རྒྱན་རིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཀོད་པ་ཧ་ཅང་ཁྱབ་ཆེ་བ་ནི།གཙོ་བོར་ཁ་དཔེར“བོད་རྟེན་འབྲེལ་གྱི་བདག་པོ”ཟེར་བ་ལྟར༌། ཚེ་རིང་ཞིང་ནད་མེད་པ། རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་སོགས་བཀྲ་ཤིས་རྟེན་འབྲེལ་ལེགས་པའི་མཚོན་བྱེད་ཅིག་ཏུ་ངོས་འཛིན་ཀྱིན་ཡོད་པ་དང༌།སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ལྟར་ན། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་སྐབས་ལྷའི་དབང་བོ་བརྒྱ་བྱིན་དང་ཚངས་པ་སོགས་ཀྱིས་སངས་རྒྱས་ཀྱི་དབུའི་སྟེང་ལ་གདུགས་ཕུབ་པ་དང་བསྙེན་བཀུར་དང་མཆོད་པའི་ཚུལ་དུ་བཀྲ་ཤིས་པའི་རྟགས་བརྒྱད་པོ་དེ་ཕུལ་བ་ལ་བརྟེན་ནས་འབྲས་བུ་བཀྲ་ཤིས་དགེ་མཚན་མང་པོ་ཞིག་བྱུང་ཞིང༌། སྟོན་པས་ཀྱང་འཇིག་རྟེན་ཀུན་ལ་བཀྲ་ཤིས་པར་བྱས་ཏེ་མ་འོངས་པ་ན་ཡང་དེ་ལྟར་བཀྲ་ཤིས་པ་འབྱུང་བའི་རྫས་སུ་བྱིན་གྱིས་བརླབས་པ་ལྟར་དེང་གི་བར་རྟགས་བརྒྱད་པོ་དེ་བཀྲ་ཤིས་པའི་རྟེན་འབྲེལ་ལ་མཆོད་པར་བྱ་བའི་སྲོལ་མ་ཉམས་པར་ཡོད་ལ། གཞན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་འཕྲིན་ལས་ཀྱི་ཡོན་ཏན་ཡང་མཚོན་པ་ཡིན།
    འབྲི་ཐབས་ཐད་ལའང་ལྷ་རིས་པ་རྣམས་ཀྱི་རྣམ་དཔྱོད་དང་ལག་རྩལ་མི་འདྲ་བས་སྒྱུ་རྩལ་གྱི་ཉམས་འགྱུར་ཡང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་དེ། རས་དང་ཀོ་བའི་རིགས་ཀྱི་དངོས་པོ་ཡོ་བྱད་ཀྱི་སྟེང་ལ་འཚེམ་དྲུབ་བྱེད་པ་དང༌། ཤིང་ཆས་དང་རྡོ་སོགས་ལ་བརྐོས་དཀྲོལ་བྱེད་པ། གསེར་དངུལ་ཟངས་ཆས་སོགས་ལ་ཚག་བརྒྱག་པ། གྱང་ལྡེབས་དང་རས་གཞི་སོགས་ལ་རི་མོར་བྲིས་ཏེ།རང་མི་རིགས་ཀྱི་བསམ་པའི་ཉམས་འགྱུར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་མཚོན་ཞིང་སྤྱོད་སྒོ་རྒྱ་ཆེ་བའི་བོད་ཀྱི་རྒྱན་རིས་ཤིག་ཏུ་གྱུར་ཡོད། དེ་བས་འདིར་བོད་ཀྱི་རྒྱན་རིས་རྟགས་བརྒྱད་རི་མོ་རེའི་མཚོན་དོན་དང་རྟགས་བརྒྱད་བུམ་གཟུགས་ཀྱི་མཚོན་དོན་གཉིས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ངོ་སྤྲོད་པ་ལ།
           དང་པོ།   བཀྲ་ཤིས་རྟགས་བརྒྱད།
             དུང་དཀར། གདུགས། རྒྱལ་མཚན། འཁོར་ལོ། དཔལ་བེའུ། བུམ་པ། པདྨ། གསེར་ཉ་བཅས་སོ། རྒྱན་རིས་དེ་དག་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལ་སྦྱར་ཡང་མཚོན་དོན་མི་འདྲ་བ་རེ་ཡོད་པ་ནི་དཔེར་ན།
    ༡.    དུང་དཀར།། དམ་པའི་ལྷ་ཆོས་དང་སྦྱར་ན།སྙན་པ་དམ་པའི་ཆོས་ཀྱི་སྒྲ་སྒྲོག་པའི་གསུང་དབྱངས་སྙན་མོ་དེ་མཚོན་པ་དང༌།འཇིག་རྟེན་མི་ཆོས་དང་སྦྱར་ན་བཀྲ་ཤིས་པའི་དབྱངས་སྙན་མོ་འགྲོ་བ་ཀུན་གྱི་ཡིད་ལ་བདེ་བ་སྟེར་ཞིང་མི་རང་ག་བའི་སྙན་གྲགས་རྒྱས་པ་དེའང་མཚོན་པའོ།
    ༢     གདུགས།   དམ་པའི་ལྷ་ཆོས་དང་སྦྱར་ན།གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བའི་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ་དེ་མཚོན་པ་དང༌། འཇིག་རྟེན་མི་ཆོས་དང་སྦྱར་ན་མིའི་སེམས་ཀྱི་སྡུག་བསྔལ་སེལ་ཞིང༌། དབུ་འཕང་མཐོ་བ་དེ་མཚོན་པའོ།།
    ༣   རྒྱལ་མཚན། དམ་པའི་ལྷ་ཆོས་དང་སྦྱར་ན་ཕ་རོལ་བདུད་དང་མུ་སྟེགས་པ་ཕམ་པར་བྱས་ཏེ་མཚན་དཔེའི་ཡོན་ཏན་ཀུན་ནས་རྫོགས་པ་དེ་མཚོན་པ་དང༌།   འཇིག་རྟེན་མི་ཆོས་དང་སྦྱར་ན་འཚེ་བ་དགྲ་གེགས་དང་ནད་གདོན་ཀུན་གཞོམ་ཞིང་དཀའ་བའི་ལས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ལེགས་ཚོགས་ཀྱི་གཟི་འོད་བཀྲ་བ་དེ་མཚོན་པ།  ༤  འཁོར་ལོ།   དམ་པའི་ལྷ་ཆོས་དང་སྦྱར་ན་བརྗོད་བྱ་སྡེ་སྣོད་གསུམ་དང་རྗོད་བྱེད་བསླབ་པ་གསུམ་གདུལ་བྱའི་རྒྱུད་ལ་འཕོ་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་འདི་མཚོན་པ་དང༌།འཇིག་རྟེན་མི་ཆོས་དང་སྦྱར་ན་སྡང་དགྲ་ཟིལ་གྱིས་གནོན་ཅིང་གང་བསམ་ཡུལ་ལ་སླེབས་པ་དེ་མཚོན་པའོ།།
    ༥    དཔའ་བེའུ། (པ་ཊ། གཡུང་དྲུང)དམ་པའི་ལྷ་ཆོས་དང་སྦྱར་ན་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཤིང་ཡེ་ཤེས་ལྔའི་དཔའ་དང་ལྡན་པ་དེ་མཚོན་པ་དང༌།འཇིག་རྟེན་མི་ཆོས་དང་སྦྱར་ན་ཚེ་རིང་ཞིང་བློ་རིག་བཀྲ་བ་ཀུན་ལ་མཐུན་ཞིང་འགྱུར་མེད་ཀྱི་བརྩེ་དུངས་དང་མཛའ་བརྩེའི་མདུད་པ་དམ་པ་དེ་མཚོན་པའོ།།
    ༦   བུམ་པ། དམ་པའི་ལྷ་ཆོས་དང་སྦྱར་ན་ཡོན་ཏན་དང་རྣམ་དཀར་བསོད་ནམས་ཀྱི་བཅུད་ཀྱིས་གང་བ་དང་ལྡན་པ་དེ་མཚོན་པ་དང༌།འཇིག་རྟེན་མི་ཆོས་དང་སྦྱར་ན་ཡོན་ཏན་མ་ལུས་ཁོང་དུ་ཆུད་པ་དང་རྒྱུ་ནོར་གྱིས་ཕྱུག་པ་དེ་མཚོན་པའོ།།
  ༧ གསེར་ཉ། དམ་པའི་ལྷ་ཆོས་དང་སྦྱར་ན་ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་དེ་མཚོན་པ་དང༌།འཇིག་རྟེན་མི་ཆོས་དང་སྦྱར་ན་ཕ་མ་དང་དགེ་སློབ་གྲོགས་པོ་བར་གྱི་འགྱུར་མེད་ཀྱི་བརྩེ་བ་དང་ཕོ་མོའི་དུང་དེའང་མཚོན་པའོ།།
 ༨ པདྨ། དམ་པའི་ལྷ་ཆོས་དང་སྦྱར་ན་ལས་ཉོན་གྱི་སྐྱོན་གྱིས་མ་གོས་པ་དེ་མཚོན་པ་དང༌།འཇིག་རྟེན་མི་ཆོས་དང་སྦྱར་ན་གཟུགས་མཛེས་ཤིང་གཤིས་རྒྱུད་དྲང་བ་དེ་མཚོན་པའོ།།
    གཉིས། རྟགས་བརྒྱད་བུམ་གཟུགས།
  སྤྱིར་བཀྲ་ཤིས་རྟགས་བརྒྱད་ནི་བཀྲ་ཤིས་ཤིང་དགེ་བའི་མཚན་མ་དང་ལྡན་པ་རྟག་ཏུ་བདེ་ཞིང་སྐྱིད་པ་འོང་བའི་རྟེན་འབྲེལ་མཚོན་བྱེད་ཅིག་ཡིན་ལ།རྟགས་བརྒྱད་པོ་དེ་དག་ལ་གོ་རིམ་བཞིན་སྒྲིག་ནས་ཕྱིའི་རྣམ་པ་དེ་བུམ་པའི་དབྱིབས་ལྟར་བྲིས་ཡོད་པ་དེ་ལ་རྟགས་བརྒྱད་བུམ་གཟུགས་ཟེར་ཞིང༌།དེས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་གདུལ་བྱའི་བསོད་ནམས་དང༌།དབང་ཐང༌།སྙན་གྲགས་སོགས་ཀྱང་མཚོན་ལ།དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་དོན་ཡང་མཚོན་པ་སྟེ།《བཀྲ་ཤིས་བརྩེགས་མདོ》ལས“ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབ།སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག། གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ།ཐུགས་ལ་བཀྲ་ཤིས་དཔལ་གྱིས་བེའུ་གསལ།སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ།ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས།མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ།།ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག།ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་མངའ།།བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག།རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ།།བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག།”ཅེས་གསལ་བ་དེ་དམ་པའི་ལྷ་ཆོས་ཀྱི་ནང་དོན་དང་སྦྱར་ཡོད་ལ།ཡང་འཇིག་རྟེན་མི་ཆོས་ཀྱི་ནང་དོན་དང་སྦྱར་ན།། དབུ་འཕང་རིན་ཆེན་གདུགས་ཀྱི་ཡུ་བ་རིང༌།།ཤེས་སྤྱོད་ཉ་མོ་གསེར་མིག་གཤོག་རྕལ་མྱུལ།། བསོད་ནམས་རིན་ཆེན་བུམ་པའི་ལྟོ་བ་གང༌།།དབང་ཐང་པད་མའི་སྡོང་བོའི་ཡལ་འདབ་རྒྱས།།སྙན་གྲགས་དུང་དཀར་གཡས་འཁྱིལ་རྒྱང་གྲགས་ཆེ།བརྩེ་དུངས་དཔལ་གྱི་བེའུའི་མདུད་པ་དམ།།ལེགས་ཚོགས་གསེར་བྱང་རྒྱལ་མཚན་གཟི་འོད་བཀྲ།དགེ་མཚན་འཁོར་ལོ་རྩིབས་སྟོང་འདབ་མ་མྱུར།།ཞེས་པ་ལྟར་བོད་རང་ལ་རྒྱན་རིས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་བོད་མིའི་ནམ་རྒྱུན་གྱི་འཚོ་བའི་བྱེད་སྒོ་སྣ་ཚོགས་དང་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་སུ་བེད་སྤྱོད་བྱས་པ་མི་འདང་ལ།དེང་སྐབས་བོད་ཀྱི་ན་གཞོན་ཕོ་མོ་འཇིག་རྟེནམཐུན་སྦྱོར་གྱི་གཉེན་སྟོན་དུའང་བཀྲ་ཤིས་མཛའ་མཐུན་མཚོན་བྱེད་དུ་རྒྱ་ནག་གི་ཡི་གེ“喜”འདི་སྦྱོར་སྲོལ་ཞིག་བོད་མིའི་འཚོ་བའི་ཁྲོད་དར་ཀྱིན་ཡོད། དེ་ལས་བོད་རང་གི་རྒྱན་རིས་དཔལ་བེའུའི་རི་མོ་འདི་སྦྱར་ན་དེའི་མཚོན་དོན་དང་མཛེས་ཉམས་ཕྱོགས་གང་ཐད་ནས་བོད་རང་གི་ཁྱད་ཆོས་དང་ཡོངས་སུ་མཐུན་པའི་དགེ་མཚན་དང་ལྡན་པ་དེ་ལྟ་བུ་ཧ་ཅང་མང་པོ་ཡོད། ད་དུང་རྟགས་བརྒྱད་རི་མོའི་མཚོན་བྱེད་ཐད་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་རེ་ཡོད་ཀྱང་འདིར་མང་དུ་དོགས་ནས་རེ་ཞིག་ཐུན་མོང་གི་འདོད་པ་ཙམ་ཞིག་སྤྲོས་པ་ལགས་སོ། ། 





ཚེ་རིང་རྣམ་དྲུག



ཚེ་རིང་དྲུག་སྐོར་གྱི་རི་མོའི་གཟུགས་བརྙན་དེ་ནི་བོད་པའི་ཁྱིམ་ཚང་མང་ཆེ་བའི་ནང་རྟག་ཏུ་མཐོང་རྒྱུ་མང་བའི་རི་མོ་ངོ་མཚར་ཅན་ཞིག་རེད། དེའི་བྱུང་སྟོང་སྐོར་དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན། འདི་ལྟ་སྟེ། རྡོ་རྗེའི་ཆོས་སུ་གྲུབ་པའི་བྲག་རི་དེའི་ངོགས་ནས།འཆི་མེད་བདུད་རྩིའི་རྒྱུན་མཆོག་ལྷུང་ལྷུང་སྙན་པའི་སྒྲ་དང་བཅས།འཛད་མེད་འབབ་པའི་བརླན་བཤེར་ལས།རོ་མཆོག་བརྒྱད་ལྡན་འབྲས་བུ་གཡུར་ཟ་བའི་ཚེ་རིང་ལྗོན་ཤིང་བྱུང༌།དེ་ཡི་དྲུང་དུ་ཚེ་དང་ཡེ་ཤེས་དཔག་མེད་མགོན་པོའི་བྱིན་རླབས་སྙིང་ལ་ཞུགས་པའི་ཡེ་ཤེས་ཏིང་འཛིན་མངོན་འགྱུར་གྱི་དྲང་སྲོང་སྟེ། མི་ཚེ་རིང་བྱུང༌། དྲང་སྲོང་དེ་ཡིས་ཆབ་གཏོར་རིལ་བུའི་ཚོགས་ལོངས་སུ་སྤྱད་པས། རི་དྭགས་ཚེ་རིང་བྱུང༌། ཚེ་རིང་ལྗོན་ཤིང་གི་འབྲས་བུ་དང་འཆི་མེད་བཏུང་བའི་རྒྱུན་ལ་ལོངས་སུ་སྤྱད་པ་ལས། བྱ་ཚེ་རིང་བྱུང་བར་གྲགས།  གང་ལྟར་ཡང་དེ་ནི་རྟེན་འབྲེལ་ཕུན་ཚོགས་མི་བསླུ་བ་བདེན་པའི་མཐུ་ལས་བྱུང་བ་ཞིག་ཡིན་པས།བསྟན་བྱ་གཙོ་བོ་ནི་མི་དང་རི་དྭགས་སེམས་ཅན་ཀུན་ལ་ཚེ་ཡི་འཇིགས་པ་མི་ཡོང་བ་བྱ་རྒྱུ་དེ་ཡིན་པར་བསམས།


དར་ལྕོག
༄༅། བོད་ཀྱི་ལོ་གསར་ཚེས་གསུམ་གྱི་ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཏུ་བརྩི་ སྲོལ་ཡོད་པ་ཞིག་ཡིན། སྐབས་དེར་བོད་མིའི་གྲོང་ཁྱིམ་ཚང་མས་རང་རང་གི་ཁང་ཐོག་ཏུ་བསྐྱོད་ནས་བསངས་གསོལ་ བྱེད་པ་དང་། སྦྲགས་དར་ལྕོག་རྙིང་པ་རྣམས་ཕབ་སྟེ་གསར་པ་བརྗེ་ཡི་ཡོད། དར་ལྕོག་ནི་དར་ལྕེ་དང༌། བ་དན། དེ་གཉིས་འདོགས་སའི་ཡུལ་ལྕང་མ་གསར་པ་བཅས་ལས་གྲུབ་པ་ཞིག་ཡིན། ལྕང་གསར་གྱི་ལྕུག་ཕྲན་སྟེང་དུ་ཚོས་གཞི་སྔོན་པོ། དཀར་པོ། དམར་པོ། ལྗང་གུ། སེར་པོ་བཅས་དབྱིབས་ཅུང་ཆུང་ལ་ངོས་གཅིག་ཨ་ཡིག་གི་དབྱིབས་ཅན་ལྟར་བྲས་པ་དེ་ལ་དར་ལྕེ་ཟེར། དེའི་འོག་ལ་གོང་གི་ཚེས་གཞི་ལྔའི་གང་རུང་གི་ཚོས་གཞི་གཅིག་ཡིན་པའི་རས་གྲུ་བཞི་མཐའ་བསྒྲིལ་དང་། ལྡན་པ་ཞིག་གི་ངོས་ལ་ཟུར་བཞིར་སྟག་སེང་ཁྱུང་འབྲུག་གི་རི་མོ་བཀོད་པ། དེའི་སྟེང་རྒྱལ་བའི་བཀའ་དཔར་དུ་བཏབ་ཡོད་པའི་བ་དན་དེ་ལ་ཀླུང་སྐྱེད་དར་ལྕོག་ཟེར། དར་ལྕེ་དང་བ་དན་གྱི་ཚོན་གཞི་སོ་སོར་མཚོན་བྱ་རེ་ཡོད་པས་ཞིབ་པར་ཞུས་ན། དར་ལྕེའི་རྩེ་མོ་ཚོས་གཞི་སྔོན་པོས་ནམ་མཁའ་མཚོན་པ་དང༌། དེ་འོག་དཀར་པོས་སྤྲིན་པ་མཚོན་པ། དེ་འོག་ལྗང་ཁུས་ཆུ་མཚོན་པ། དེ་འོག་སེར་པོས་ས་མཚོན་པ་བཅས་ཡིན། དེ་དག་གི་གོ་རིམ་རྩ་བ་ནས་འཁྲུགས་མི་རུང༌། དར་ལྕེའི་འོག་ལ་བ་དན་ཡིན་ཞིང༌། བ་དན་གྱི་ཚོས་གཞི་ནི་ཁྱིམ་དེའི་བདག་པོར་གྱུར་པའི་མི་སྣའི་འབྱུང་ཁམས་གང་ཡིན་པ་དེ་ལ་བརྟེན་ནས་གཏན་འཁེལ་བ་ཡིན། དེ་ནི་བོད་ཀྱི་འབྱུང་རྩིས་དང་མཐུན་པར་བརྩིས་པ་ལ་སོགས་ཁུངས་དང་། ལྡན་པའི་སྒོ་ནས་དར་ལྕོག་བཟོས་ན་ཀླུང་རྟ་ཡར་སྐྱེད་ཀྱི་ཕན་པ་ཧ་ཅང་ཆེ་བ་ཡིན།། །།

༆ བོད་ཀྱི་གནས་ཆེན་བཅུ་གཉིས་ནང་ནས་གནས་ཆེན་སྟོང་སྐོར་གནས་རི་གསུམ་མགོན་པོ།།


༆སྟོང་སྐོར་ཟླ་ཆུ།


༆སྟོང་སྐོར་དགོན་པ།




         སྟོང་སྐོར་མཚན་ཉིད་སློབ་གྲའི་གུར་ཆེན།།